འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ཧྥེས་སྐབས་དང་པོའི་བོད་ལྗོངས་འཛིན་གྲྭའི་སློབ་མར་ཡིག་རྒྱུགས་གཏོང་ཡུལ་ལོགས་སུ་
    བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། གསར་འགོད་པས་ཧོ་ཧྥེ་གྲོང་ཁྱེར་སློབ་གསོ་ཡིག་རྒྱུགས་གླིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོའི་ཧོ་ཧྥེའི་མཐོ་རྒྱུགས་རྒྱུགས་རར་ཡིག་རྒྱུགས་གཏོང་ཡུལ་4ཁ་སྣོན་རྒྱག་རྒྱུ་དང་། དེའི་ནང་གི་ཡིག་རྒྱུགས་གཏོང་ཡུལ་གཅིག་ནི་སྐབས་དང་པོའི་ནང་སའི་བོད་ལྗོངས་འཛིན་གྲྭའི་རྒྱུགས་སྤྲོད་སློབ་མ་74ལ་བཀོད་སྒྲིག་བྱས་པ་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་སྐབས་དང་པོའི་ནང་སའི་བོད་ལྗོངས་འཛིན་གྲྭའི་རྒྱུགས་སྤྲོད་སློབ་མ་ཁྱོན་74མཐོ་རྒྱུགས་ནང་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་རིག་གནས་ཚན་ཁག་གི་རྒྱུགས་སྤྲོད་སློབ་མ་34དང་། རང་བྱུང་ཚན་རིག་ཚན་ཁག་གི་རྒྱུགས་སྤྲོད་སློབ་མ་40ཡོད་པ་རེད། ཧོ་ཧྥེ་གྲོང་ཁྱེར་ཅིན་ཧུའུ་སློབ་གྲྭ་དེ་ཉིད་རྒྱུགས་སྤྲོད་སློབ་མ་དེ་རིགས་ལ་ལོགས་སུ་བཀོད་སྒྲིག་བྱས་པའི་ཡིག་རྒྱུགས་གཏོང་ཡུལ་ཞིག་ཡིན་པའི་ཆ་ནས་རིག་གནས་ཚན་ཁག་གི་རྒྱུགས་ར་2དང་རང་བྱུང་ཚན་རིག་ཚན་ཁག་གི་རྒྱུགས་ར་2བཀོད་སྒྲིག་བྱས་ཡོད་པ་རེད། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཟླ་6ཚེས་7དང་ཚེས་8ཉིན་གྱི་ཡིག་རྒྱུགས་ནང་ཞུགས་པ་ཕུད། ད་དུང་ཚེས་9ཉིན་གྱི་སྔ་དྲོ་བོད་ཡིག་སློབ་ཚན་གྱི་ཡིག་རྒྱུགས་ནང་ཞུགས་རྒྱུ་ཡིན་པ་རེད།
         ཧོ་ཧྥེ་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་གླིང་གི་ལས་དོན་མི་སྣ་ཝང་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཡིག་སློབ་ཚན་གྱི་རྒྱུགས་ཤོག་དེ་བོད་ལྗོངས་སློབ་གསོ་ཐིང་ནས་ཆེད་མངགས་ཧོ་ཧྥེ་གྲོང་ཁྱེར་སློབ་གསོ་ཡིག་རྒྱུགས་གླིང་ལ་བསྐུར་གྱི་ཡོད་པ་དང་། ཡིག་རྒྱུགས་བཏང་ཚར་རྗེས་རྒྱུགས་ཤོག་དེ་བོད་ལྗོངས་སློབ་གསོ་ཐིང་དུ་བསྐུར་རྒྱུ་དང་བོད་ལྗོངས་སློབ་གསོ་ཐིང་གིས་འགན་ཁུར་ནས་རྒྱུགས་ཤོག་བཅོས་རྒྱུ་ཡིན་པ་རེད། ནང་སའི་བོད་ལྗོངས་འཛིན་གྲྭའི་རྒྱུགས་སྤྲོད་སློབ་མའི་སློབ་ཚན་གཞན་དག་གི་རྒྱུགས་ཤོག་དེ་རྒྱུགས་སྤྲོད་སློབ་མ་གཞན་དང་འདྲ་བར་ཨན་ཧུའེ་ཞིང་ཆེན་གྱིས་གཅིག་གྱུར་ཐོག་བཅོས་རྒྱུ་ཡིན་པ་རེད།
         གཞན་ཡང་འདི་ལོ་ཧོ་ཧྥེ་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ་ཁག་གཅིག་གིས་ཡིག་རྒྱུགས་དུས་ཚོད་རིང་དུ་གཏོང་བའམ་ཡང་ན་ཐོས་ནུས་ཀྱི་རྒྱུགས་གཏོང་མི་དགོས་པའི་རེ་ཞུ་བྱས་ཡོད་པ་རེད། དབང་པོ་སྐྱོན་ཅན་གྱི་སྟབས་བདེའི་རེ་ཞུ་བྱེད་མཁན་རྒྱུགས་སྤྲོད་སློབ་མས་རེ་ཞུ་བྱེད་པའི་ནང་དོན་གྲས་སུ་ཐོས་ནུས་ཀྱི་རྒྱུགས་གཏོང་མི་དགོས་པ་དང་། ཉན་ཕན་ཡོ་ཆས་འདོགས་པ། སྔ་ནུབ་ཏུ་རྒྱུགས་རའི་ནང་འཛུལ་བ་སོགས་ཚུད་ཡོད་པ་དང་། ཞིབ་བཤེར་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ་ཚང་མར་འབྲེལ་ཡོད་ཀྱི་སྟབས་བདེ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།