འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་སློབ་མའི་གཟུགས་གཞིར་གཞིགས་ཏེ་དམག་སྦྱོང་གི་དཀའ་ཚད་དུས་ཐོག་
    ཏུ་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། ཉེ་ཆར། སློབ་གསོ་པུས་བརྡ་ཐོ་བཏང་སྟེ་སློབ་མའི་དམག་སྦྱོང་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། བླང་བྱའི་ནང་དམག་སྦྱོང་གི་དཀའ་ཚད་དང་འཕེལ་རིམ་སྟངས་འཛིན་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་དམག་སྦྱོང་དོན་རྐྱེན་མི་ཐོན་སྔོན་འགོག་བྱེད་པའི་བླང་བྱ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་བཏོན་པ་དང་འབྲེལ་སློབ་མའི་གཟུགས་གཞིར་གཞིགས་ཏེ་དམག་སྦྱོང་གི་དཀའ་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས་པ་དང་། དམག་སྦྱོང་ལ་ཞུགས་པའི་སློབ་མར་སློབ་ཞུགས་ཀྱི་གཟུགས་པོ་བརྟག་དཔྱད་བྱེད་པ་དང་དབང་པོར་སྐྱོན་ཡོད་པའམ་ཡང་ན་ནད་ལྕི་བའི་སློབ་མ་རང་ཉིད་ཀྱིས་རེ་ཞུ་དང་སློབ་གྲྭས་ཆོག་མཆན་སྤྲད་པ་བརྒྱུད་དམག་དོན་རྩལ་ནུས་ནང་སྦྱོང་གི་རྣམ་གྲངས་ཁག་གཅིག་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་དགེ་སློབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་དམག་སྦྱོང་བྱེད་སྒོ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། དམག་སྦྱོང་མ་བྱས་གོང་དགེ་རྒན་དང་རྩལ་ཁྲིད་དཔོན་དམག་ལ་བདེ་འཇགས་སློབ་གསོ་དང་བདེ་འཇགས་རྩལ་ནུས་གསོ་སྦྱོང་བྱེད་པ་དང་འབྲེལ་ཡོད་གསོ་སྦྱོང་ལ་ཞུགས་མེད་པའི་དགེ་རྒན་དང་རྩལ་ཁྲིད་དཔོན་དམག་གིས་དམག་སྦྱོང་མཛུབ་ཁྲིད་བྱེད་མི་ཆོག་པ་དང་། སློབ་གྲྭའི་འགན་འཁུར་བས་སློབ་མའི་དམག་སྦྱོང་བྱ་ཡུལ་དུ་སྡོད་དགོས་པ་དང་དགེ་རྒན་གྱིས་ངེས་པར་དུ་དམག་སྦྱོང་བྱེད་རིང་ལས་གནས་བརྟན་སྲུང་བྱས་ཏེ་དམག་སྦྱོང་གི་བདེ་འཇགས་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཐོག་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་སེམས་ཁམས་སློབ་གསོ་རྒྱག་དགོས་པ། གནམ་གཤིས་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གནོད་འཚེ་ཆེ་བའི་གནམ་གཤིས་(དཔེར་ན། དྲོད་ཚད་མཐོ་བ་དང་། ཐོག་རྒྱག་པ། སེར་བ་བབ་པ། དྲག་ཆར་བབས་པ། སྨུག་རྡུལ་དང་བྱེ་རླུང་འཚུབ་པ་སོགས་)སྔོན་བརྡ་དེ་རིམ་པ་སེར་པོའི་ཉེན་བརྡ་ཡན་དུ་སླེབས་སྐབས་དམག་སྦྱོང་འཆར་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ་དང་ཁང་ཕྱིར་དམག་སྦྱོང་བྱེད་མཚམས་བཞག་ནས་བསམ་ཡུལ་ལས་འདས་པའི་གནོད་འཚེ་སོགས་ཀྱི་དོན་རྐྱེན་མི་ཐོན་སྔོན་འགོག་བྱེད་དགོས་པ། སློབ་མ་སྒྲིག་འཛུགས་བྱས་ཏེ་མེ་མདའ་དངོས་སུ་རྒྱག་པའི་དམག་སྦྱོང་མ་བྱས་གོང་ངེས་པར་དུ་བདེ་འཇགས་སློབ་གསོ་རྒྱག་པ་དང་བདེ་འཇགས་འཆར་གཞི་དང་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ཞིབ་ཕྲ་བཟོས་ནས་མེ་མདའ་དངོས་སུ་རྒྱག་པའི་དམག་སྦྱོང་ཁྲོད་མི་སྣ་དང་མེ་མདའ་སོགས་ལྷུ་ཚིགས་ཚང་མ་རྦད་དེ་བདེ་འཇགས་ཡིན་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
         བརྡ་ཐོའི་ནང་དམག་སྦྱོང་བྱེད་པའི་སློབ་མའི་ཟ་ཁང་དམིགས་སུ་བཀོད་སྒྲིག་བྱས་ན་སློབ་མའི་ཟ་ཁང་ལ་ཆེད་ལས་བཟའ་བཅའི་བདེ་འཇགས་དོ་དམ་པ་བཀོད་སྒྲིག་བྱེད་དགོས་པ་དང་། ཆེད་ལས་སྨན་བཅོས་ནད་སྐྱོང་མི་སྣ་འདང་ངེས་ཤིག་དང་དེ་མཚུངས་ཀྱི་སྨན་བཅོས་ནད་སྐྱོང་དང་མྱུར་སྐྱོབ་སྨན་རྫས་དང་། ཡོ་ཆས། མྱུར་སྐྱོབ་རླངས་འཁོར་བཅས་བཀོད་སྒྲིག་བྱས་ནས་སློབ་མར་རྨས་སྐྱོན་ཕོག་པ་ལ་སོགས་ཀྱི་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་དགོས་པ། རླངས་འཁོར་བཏང་ནས་ཕྱིར་སྐྱོད་སྐབས་ངེས་པར་དུ་ཞིབ་ཚགས་པའི་སྐྱེལ་འདྲེན་འཆར་གཞི་འགོད་ཐོག་དམིགས་སུ་གཏན་འཁེལ་བའི་དགེ་རྒན་གྱིས་རུ་མིའི་སྣེ་ཁྲིད་དང་རླངས་འཁོར་མང་བའི་དུས་མཚམས་སུ་དམག་སྦྱོང་ནང་ཞུགས་པའི་སློབ་མ་སྐྱེལ་འདྲེན་བྱེད་སྐབས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་གཞོགས་འདེགས་བྱ་རྒྱུའི་རེ་ཞུ་བྱེད་དགོས། སློབ་མ་དམག་སྦྱོང་བྱེད་རིང་བདེ་འཇགས་དོན་རྐྱེན་ཐོན་རྗེས་སློབ་གྲྭས་ཐག་གཅོད་བྱེད་ཐབས་སྤྱོད་པ་དང་ཆབས་ཅིག ངེས་པར་དུ་ཁོངས་གཏོགས་ཁུལ་གྱི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་ཞུ་བྱེད་པ་དང་འབྲེལ། ཐག་གཅོད་བྱས་འབྲས་དང་ལེགས་གཏོང་བྱ་ཐབས་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།