འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་ཁག་དང་པོའི་ཁུ་ཁུ་ཤི་རིའི་དང་བླངས་པས་གཙོད་མཚོ་བོད་གཞུང་ལམ་སྒྲོལ་
    བར་སྲུང་སྐྱེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “དང་བླངས་ཞབས་ཞུའི་བརྒྱུད་རིམ་ནང་ང་ཚོས་བསོད་ནམས་དར་རྒྱས་རང་བྱུང་སྲུང་སྐྱོང་ས་ཚིགས་ལྟེ་བར་བྱས་ནས་ཀྲན་ཀྲང་གི་སྣེ་ཁྲིད་འོག་ཚོགས་ཆུང་བགོས་ནས་ཁུ་ཁུ་ཤི་རིའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་དང་མཉམ་དུ་རི་ལ་སྐོར་གཡེང་བྱེད་པར་བསྐྱོད་ནས་ལམ་བར་གྱི་གད་སྙིགས་བསྒྲུགས་པ་དང་འབྲེལ། གཙོད་མཚོ་བོད་གཞུང་ལམ་བརྒྱུད་ནས་རྩོ་ནག་མཚོར་གཙོད་ཕྲུག་སྐྱེ་བ་འགྲོ་རྒྱུར་གཞོགས་འདེགས་བྱས་པ་ཡིན”ཞེས་པེ་ཅིང་ནས་ཡིན་པའི་དང་བླངས་པ་སུན་གཡན་ཁྲུའུ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་རེད།
         ལོ་ལྟར་ཟླ་5པ་ཤར་རྗེས་བོད་བྱང་ཐང་དང་། ཤིན་ཅང་ཨར་ཅིན་རི་བོ། མཚོ་སྔོན་གཙང་གསུམ་ཆུ་འགོ་ཁུལ་སོགས་རང་བྱུང་སྲུང་སྐྱོང་ཁུལ་ནས་ཡོང་བའི་གཙོད་ཁྲི་ཕྲག་ཁ་ཤས“གཙོད་ཕྲུག་སྐྱེ་ཁུལ”དུ་གྲགས་པའི་ཁུ་ཁུ་ཤི་རིའི་རྩོ་ནག་མཚོར་གཙོད་ཕྲུག་སྐྱེ་བར་འགྲོ་བ་དང་། ཟླ་8པའི་ནང་གཙོད་མོས་གཙོད་ཕྲུག་ཁྲིད་ནས་སླར་ཡང་རང་སོ་སོའི་འཚོ་གནས་ཁུལ་དུ་ལོག་གི་ཡོད་པ་རེད།
         ཁུ་ཁུ་ཤི་རི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དོ་དམ་ཅུས་དྲིལ་བསྒྲགས་སློབ་གསོ་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་13ཉིན་ནས་བཟུང་ཁུ་ཁུ་ཤིས་རིའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་དང་ཁོར་ཡུག་སྲུང་སྐྱོང་དང་བླངས་པའི་སྲུང་སྐྱེལ་འོག་གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཁུལ་དུ་གཙོད་ཕྲུག་འཁོར་ནས་སྡོད་པའི་གཙོད་མོ་བདེ་བླག་ངང་མཚོ་བོད་གཞུང་ལམ་སྒྲོལ་ནས་ཁུ་ཁུ་ཤི་རིའི་དབུས་རྒྱུད་རྩོ་ནག་མཚོའི་ཉེ་འགྲམ་དུ་གཙོད་ཕྲུག་སྐྱེ་བར་འགྲོ་གི་ཡོད། མིག་སྔར་གཙོད་300ལྷག་ཙམ་བདེ་བླག་ངང་མཚོ་བོད་གཞུང་ལམ་གྱི་རྒྱལ་ལམ་109སྒྲོལ་ཐུབ་པ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།