འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎"ནས་ཀྱི་འབུམ་རམས་པ"ཉི་མ་བཀྲ་ཤིས་ཀྱིས་བོད་རིགས་མི་སེར་ཚོར་ནས་རྩེ་གྲ་འདེབས་
    རྒྱུ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚོད་ལྟའི་ཞིང་ཁའི་ནང་སྔོ་ཐིང་ཐིང་གི་ནས་ཀྱི་ལྗང་བུ་འཚར་སྐྱེས་ཡག་པོ་ཡོད་པ་རེད། "ནས་ཀྱི་འབུམ་རམས་པ"ཉི་མ་བཀྲ་ཤིས་ཀྱིས་ཉིན་ལྟར་དེ་གར་བལྟ་བར་འོངས་ནས་སྐབས་སྐབས་སུ་ཟིན་བྲིས་རྒྱག་གི་ཡོད།
         དུས་ཀྱི་འཁོར་ལམ་ཡང་ཡང་འཁོར་ནས་ལས་ཀ་དེ་འདྲ་ཁོང་གིས་ལོ་20ལྷག་ཙམ་བྱས།
         ཉི་མ་བཀྲ་ཤིས་ནི་བོད་ཀྱི་ནས་འདེབས་ཁྱབ་ཁོངས་ཀྱི་ཚན་རིག་མཁས་ཅན་ཨང་དང་པོ་དེ་ཡིན་ཞིང་། ཁོང་གིས་གཙོ་ཁྲིད་བྱས་ནས་འདེམས་གསོ་བྱས་པའི"བོད་ནས་ཨང་2000"གི་སོན་རིགས་གསར་པར་མུའུ་རེ་ནས་ཐོན་ཚད་སྤྱི་རྒྱ་350ཟིན་ཏེ་ནས་ཀྱི་ཐོན་འབབ་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཁྱབ་གདལ་གཏོང་ཚད་རྒྱ་ཁྱོན་མུའུ་ཁྲི་ལྷག་ཙམ་ཟིན་ནས་བོད་རིགས་ཞིང་པ་ཁྲི་བརྒྱ་ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
         ཆུང་ངུའི་དུས་ཀྱི་ནས་ཀྱི་ཕུགས་འདུན།
         ནས་འདེབས་ལས་དོན་ནང་མི་ཚེ་ཕྱེད་ཀ་ཙམ་ལས་ཀ་བྱས་པ་དང་། དེ་ནི་ཆུང་བྱིས་པའི་དུས་ཀྱི་ཁོང་གི་ཕུགས་འདུན་ཞིག་ཡིན་པ་རེད།
         ཉི་མ་བཀྲ་ཤིས་ཀྱི་ཕ་ཡུལ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བྲོ་ཡུལ་གྲོང་ཚོ་ནས་ཡིན་པ་དང་། གྲོང་ཚོ་དེའི་ས་ཞིང་རྒྱ་ཁྱོན་ཆུང་ལ་ས་རྒྱུ་གཤིན་པོ་མེད་པའི་ཁར་ཆུ་དཀོན་པོ་ཡོད་ཅིང་། "ནས་སྐྱེ་འཚར་ཞན་པ་དང་སྙེ་མ་ཆེན་པོ་མེད་པས་སྐབས་རེ་ཕྱུགས་རིགས་ཀྱི་གཟན་རྩྭ་ལས་གོ་ཆོད་ཀྱི་མེད་པ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ་75ལས་ཟིན་གྱི་མེད"ཅེས་ཉི་མ་བཀྲ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས་ནས་ཀྱི་ཐོན་འབབ་དམའ་བས་གྲོང་མི་ཚོས་འཕྱོངས་རྒྱས་རྫོང་དུ་བསྐྱོད་ནས་འབྲུ་རིགས་བརྗེ་པོ་རྒྱག་སྐབས་སྟབས་བདེ་པོ་གཏན་ནས་མེད་ཅེས་བཤད།
         "ཕ་ཡུལ་དུ་ནས་ལེགས་པོ་འདེབས་མི་ཐུབ་པའི་རྒྱུ་མཚན་གང་ཡིན"ཞེས་ཆུང་བྱིས་པའི་དུས་ནས་ཁོང་གི་སེམས་ལ་དོགས་འཆར་དེ་འདྲ་ཞིག་བྱུང་བ་དང་། དེ་ལྟར་ཆུང་ངུའི་དུས་ཀྱི་དོགས་འཆར་དེས་ཉི་མ་བཀྲ་ཤིས་ནས་འདེབས་ཚན་ཞིབ་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་བྱས།
         རྗེས་སུ་ཉི་མ་བཀྲ་ཤིས་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་འགྲིམས་ནས་སོ་ནམ་རིག་པ་ཆེད་མངགས་སྦྱངས་ནས་རང་ཆུང་ངུའི་དུས་ཀྱི་ཕུགས་བསམ་དང་དེ་བས་ཉེ་བཅར་ཐུབ།
         1984ལོར་ཉི་མ་བཀྲ་ཤིས་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་ཐོན་ཏེ་ནས་འདེབས་ཚན་ཞིབ་ལས་ལ་དངོས་སུ་ཞུགས་འགོ་ཚུགས།
         བོད་ཀྱི་ས་རྒྱུ་གཤིན་པོ་མེད་པ་དང་། ཞི་བའི་བཅིངས་འགྲོལ་གཏོང་སྐབས་ནས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་100ཙམ་ལས་ཟིན་གྱི་མེད་མོད། འོན་ཀྱང་ནས་ནི་བོད་ཀྱི་འབྲུ་རིགས་ལོ་ཏོག་གཙོ་བོ་ཞིག་ཡིན་པ་དང་ཞིང་འབྲོག་པའི་འབྲུ་རིགས་སྤྱོད་ཚད་ཀྱི་60%ཟིན་གྱི་ཡོད་པས་ནས་ཐོན་ཚད་ཀྱིས་བོད་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་གྱི་55%ཙམ་བཟུང་སྟབས་བོད་རིགས་མི་དམངས་ཀྱི་ངོས་ནས་བརྗོད་ཚེ་དེ་ནི་གལ་འགངས་ཆེན་པོ་ཞིག་ཡིན་ལུགས་སྨོས་མེད་རེད།
         "ཞིང་པས་དཀའ་ལས་ཚད་མེད་བརྒྱབ་ཀྱང་ཐོན་འབབ་ཧ་ཅང་དམའ་པོ་རེད། ལག་རྩལ་ལ་བརྟེན་ནས་ཐོན་འབབ་མང་དུ་གཏོང་རྒྱུ་ནི་ང་ཚོ་ཚན་རྩལ་ལས་དོན་པའི་འགན་འཁྲི་ཞིག་ཡིན"ཞེས་ཉི་མ་བཀྲ་ཤིས་ཀྱིས་བརྗོད། དོན་དངོས་ཐོག་དུས་ཡུན་རིང་པོའི་ནང་བོད་ཀྱི་ཞིང་ལས་ཚན་རྩལ་མི་སྣས་ནས་ཐོན་འཕར་ཡོང་རྒྱུར་དམིགས་ནས་ཐོན་འབབ་མཐོ་ལ་སྤུས་ཚད་ལེགས་པའི་ནས་སོན་གསར་པ་ཁག་གཅིག་འདེམས་གསོ་བྱས་ཡོད་པ་རེད། ནས་ཀྱི་སོན་བཟང་བརྗེ་པོ་རྒྱག་རིམ་བཞིན་མུའུ་རེའི་ཐོན་ཚད་40%ཡན་མང་དུ་ཕྱིན་པ་རྗེས་སུ་ར་སྤྲོད་ཐུབ་པ་ཡོད།
         "རེ་བ་དང་ཕངས་སེམས་ཀྱི་ཁྲོད་ལོ་མང་པོ་འདས་སོང"
         ནས་སོན་འདེབས་གསོའི་ཚན་རིག་ལས་དོན་ནང་ཞུགས་མ་ཐག་པའི་ཉི་མ་བཀྲ་ཤིས་ཀྱིས་ལས་མི་རྒན་གྲས་ཀྱིས་བཏིང་བའི་ལས་ཀའི་རྨང་གཞིའི་ཐོག་ས་གནས་ཀྱི་ནས་སོན་དང་ལོ་མང་རིང་འདེབས་གསོ་བྱས་པའི་སོན་བཟང་ལ་བརྒྱུད་རིམ་ལྡན་པའི་ངང་གསལ་འབྱེད་བྱས་པ་དེས་ཁོང་ལ་རྗེས་སུ་ནས་ཀྱི་སོན་བཟང་འདེབས་གསོ་བྱེད་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད།
         ལོ་བཅུ་གྲངས་ཁ་ཤས་ཀྱི་དུས་ཚོད་ནང་ཁོང་གིས་ཉིན་ལྟར་ནས་ཞིང་ནང་ཞིབ་འཇུག་བྱས་ནས་སྡོད་ཀྱི་ཡོད་པས"སོ་ནམ་རིགས་གཅིག་མཁས་ཅན"ཞིག་ཡིན་པ་སྨོས་མེད་རེད།
         ཐེངས་ཤིག་ཕྱི་ཕྱོགས་ནས་རང་ཡུལ་དུ་ལོག་སྐབས་ཁོང་གིས་ནས་སོན་སྒམ་ཆེན་པོ་གང་འཁྱེར་ཡོད་པ་དང་། ནང་མི་ཚོས་དེ་ནི་ལག་རྟགས་ཡིན་ཤས་ཆེ་སྙམ་ནས་ཁ་ཕྱེ་ནས་བལྟ་སྐབས་ཚང་མ་བློ་མི་ཕམ་པ་ག་ལ་སྲིད།
         ལས་ཀའི་རྣམ་འགྱུར་དེ་འདྲ་ཡོད་པའི་དབང་གིས་ཁོང་གི་ནས་སོན་འདེབས་གསོའི་བྱ་གཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། དུས་རབས་20པའི་ལོ་རབས་90པའི་སྐབས་སུ་ཁོང་གིས་གསལ་འབྱེད་གདམ་གསེས་བྱས་པའི་བོད་ནས་སྣ་ཁ་གསར་པ་148ཡོད་པ་དེ་དག་བར་སྐབས་ཤིག་རིང་བོད་ཀྱི་ནས་ཀྱི་ཐོན་མཐོའི་ས་བོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། ལོ་མང་རིང་ཁོང་གིས་ས་བོན་གསོ་བའི་དམིགས་ཚད་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་ནས་བོད་ཀྱི་ས་བོན་གསར་པ་20ལྷག་ཙམ་འདེམས་གསོའི་ནང་ཞུགས་པ་དང་གཙོ་སྐྱོང་གནང་བ་རེད།
         རྗེས་སུ་ཉི་མ་བཀྲ་ཤིས་ཀྱིས་ནས་ཀྱི་སོག་མའི་ལྡེམ་ཤུགས་དང་ལོ་ཏོག་ཉལ་རྒྱུ་འགོག་པའི་ས་བོན་འདེམས་གསོའི་ལས་ལ་གཙོ་གནད་ཐོག་གཞོལ་ནས་ཚོགས་པ་དང་མཉམ་དུ་ལོ་19ཡི་དུས་ཚོད་ནང་འབད་བརྩོན་བྱས་པ་བརྒྱུད་ཚད་བརྒལ་རང་བཞིན་ལྡན་པའི་ནས་སོན་གསར་པ"བོད་ནས་ཨང་2000"འདེམས་གསོ་བྱས་ཡོད་པ་རེད།
         ས་བོན་དེ་འདེམས་གསོ་བྱེད་ཆེད་ཉི་མ་བཀྲ་ཤིས་ཀྱིས་ལས་རོགས་ཚོའི་སྣེ་ཁྲིད་ནས་ལོ་མང་རིང་ཚོད་ལྟའི་ས་ཞིང་ནང་ཞིབ་འཇུག་བྱས་ནས་བསྡད། རྨོ་བ་དང་སོན་འདེབས་བྱེད་པ་ནས་རྔ་བསྡུ་དང་གཡུལ་ལས་གཏོང་བའི་བར་འདེམས་གསོའི་རྒྱུ་ཆ་ཧ་ཅང་མང་པོ་ཞིག་ལ་དཔྱད་བསྡུར་ལྟ་ཞིབ་བྱས་ནས་དཔྱད་གཞི་གསོག་འཇོག་བྱས།
         "འདི་ལོ་བལྟ་དུས་རེ་བ་ཡོད་སྙམ་ཡང་ཕྱི་ལོ་རེ་བ་དེ་སྟོང་ཟད་དུ་གྱུར་བ་དང་། རེ་བ་དང་ཕངས་སེམས་ཀྱི་ཁྲོད་ལོ་མང་པོ་ཞིག་འདས་སོང་། འདེབས་གསོའི་ལས་དོན་ཐད་ཏན་ཏིག་བྱེད་དགོས་ཀྱི་ཡོད་ལ་སྟེས་དབང་གི་རང་བཞིན་ཡང་ལྡན་ཡོད་པས་དེ་ནི་ཚན་ཞིབ་ལས་དོན་གྱི་ཡིད་དབང་འཕྲོག་ཡུལ་ཞིག་རེད"ཅེས་ཉི་མ་བཀྲ་ཤིས་ཀྱིས་བཤད།
         2002ལོར་པ་སྣམ་རྫོང་གི་ཚོད་ལྟའི་ནས་ཞིང་ནང་ཉི་མ་བཀྲ་ཤིས་ལ་རང་ཉིད་ཀྱི་བློ་ལ་བབས་པའི་ནས་སོན་ཤེས་རྟོགས་ཐུབ་ཅིང་། ཁོང་གིས"འབྲུ་རྡོག་དང་། ཚོས་མདོག་སྡོང་རྐང་གི་རིང་ཚད་བཅས་ཚང་མ་ཧ་ཅང་ཡག་པོ་འདུག་པས་མཐོང་བ་ཙམ་གྱིས་བློ་ལ་བབས་སོང"ཞེས་བརྗོད། ཁོང་གིས་ནས་སོན་དེ་རྨང་གཞིར་བྱས་ཏེ་ཚོད་ལྟ་སྣ་ཚོགས་ཡང་ཡང་བྱས་པ་བརྒྱུད་མཐར་ལོ་བཅུ་གྲངས་ཁ་ཤས་སོང་རྗེས་ཚད་དང་མཐུན་པའི་ནས་སོན་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད།
         སོན་བཟང་གསར་པ་དེར་ཐོན་ཚད་མཐོ་བ་དང་། གཟན་རྩྭའི་ཐོན་འབབ་མཐོ་བ། འབྲུ་རྡོག་དཀར་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས་2003ལོར་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ལོ་དེར་མུའུ་ཁྲི་10ལྷག་ཙམ་འདེབས་རྒྱུ་ཁྱབ་གདལ་བཏང་བས་རྗེས་སུ་མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ་26མང་དུ་ཕྱིན་ཡོད་པ་རེད། ཉི་མ་བཀྲ་ཤིས་ཀྱི་ཕ་ཡུལ་བྲོ་ཡུལ་གྲོང་ཚོར་ཡང་ནས་སོན་གསར་པ་དེ་ལས་ཕན་པ་ཆེན་པོ་ཐོབ་ཡོད་ཅིང་། སྔོན་ཆད་ཀྱི་འབྲུ་རིགས་དཀོན་པའི་གྲོང་ཚོ་དེ་ད་ཆ"ཁྱིམ་ཚང་ཚང་མར་འབྲུ་མཛོད་ཡོད་པའི"གྲོང་ཚོ་ཞིག་ཏུ་གྱུར་ཡོད་པ་རེད། གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བས་གྲོང་ཚོའི་འབྲུ་རིགས་ཐོན་སྐྱེད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་ཁྱིམ་ཚང་ཚང་མས་གཅིག་མཇུག་གཉིས་མཐུད་ངང་ཞིང་ཁ་བཏབ་པས་འབྲུ་རིགས་དཀོན་པའི་གནས་ཚུལ་ཐོན་མེད་ལ་འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
         "འཛམ་གླིང་ཡོངས་སུ་ནས་འབྲུ་ཁྱབ་གདལ་གཏོང་རྒྱུ་ནི་ངའི་དམིགས་ཡུལ་ཡིན"
         "བོད་ནས་ཨང་2000"ཐོན་རྗེས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་350ཟིན་ནས་ཐོན་ཚད་ཧ་ཅང་མཐོ་པོ་བྱུང་ཡོད། རྒྱལ་ནང་གི་གཞི་རྒྱུའི་ཚན་རིག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ས་མཐོའི་ནས་སོན་འདེམས་གསོའི་ལས་དོན་ལའང་གོ་སྐབས་གསར་པ་འཕྲད།
         "སླད་ཕྱིན་ནས་སོན་གསར་པ་འདེམས་གསོ་ཡག་པོ་བྱེད་པར་གཞི་རྒྱུའི་ཐད་ཞིབ་འཇུག་གཏིང་ཟབ་བྱས་ནས་ནུས་པ་ལེགས་པའི་གཞི་རྒྱུ་སྔོག་འདོན་བྱེད་དགོས་ཀྱི་ཡོད"ཅེས་ཉི་མ་བཀྲ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས་གཞི་རྒྱུ་རེ་རེས་ངོ་དབྱིབས་རེ་ཚོད་འཛིན་ཐུབ་པས་ལག་རྩལ་ཐད་ངེས་པར་དུ་སྔོན་ལ་ངེས་གནས་ཡོད་པ་བྱེད་དགོས། དེ་ནི་དེང་རབས་འབྲུ་རིགས་ལོ་ཏོག་འདེབས་གསོའི་ཁ་ཕྱོགས་ཤིག་རེད་ཅེས་བརྗོད།
         གནས་ཚུལ་དེར་དམིགས་ནས་ཉི་མ་བཀྲ་ཤིས་ཀྱིས་རྒྱལ་ནང་གི་ཚན་ཞིབ་ཚན་པ་དང་མཉམ་ལས་བྱས་ཏེ་ནས་ཀྱི་སོན་རྙིང་པ"ལྷ་སའི་གྲ་གུག"ལ་གཞི་རྒྱུ་ཆ་ཚང་གི་ལྟ་དཔྱད་ཚད་ལེན་བྱས་ནས་ཁེབས་ཁྱོན་ཚད་གཞི་མཐོ་བའི་གཞི་རྒྱུའི་དཔེ་རེས་ཐེངས་དང་པོ་བྲིས་ཏེ་ནས་སོན་འདེབས་གསོའི་ལས་དོན་གཞི་རྒྱུའི་དུས་རབས་སུ་སླེབས་ཡོད་པ་རེད།
         སྤུས་ལེགས་ནས་སོན་འདེམས་གསོ་བྱེད་པ་ཕུད། ད་དུང་ནས་སོན་ཚན་རིག་མཁས་ཅན་ཞིག་ཡིན་པའི་ཆ་ནས་ཉི་མ་བཀྲ་ཤིས་ལ་དེ་བས་ཆེ་བའི་ཕུགས་བསམ་ཞིག་ཡོད་པ་སྟེ། དེ་ནི་སྤུས་ལེགས་བཟའ་བཅའ་དེ་རིགས་འཛམ་གླིང་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་དེ་ཡིན་པ་རེད།
          1992ལོའི་སྐབས་སུ་ཁ་ན་ཏའི་ས་སི་ཁེ་ཁྲོན་ཨེན་སློབ་ཆེན་ཞིང་འབྲོག་སློབ་གླིང་ཐོན་ནས་རྒྱལ་ནང་དུ་ལོག་རྗེས་ཁོང་གིས་B-རྒུན་འབྲུམ་མངར་ཆ་འདུས་པའི་ནས་གསར་པ་ལས་སྣོན་བྱེད་རྒྱུའི་བསམ་ཚུལ་བློ་ཁོག་ཆེན་པོས་བཏོན་ཏེ་ནས་ལས་སྣོན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། ཉེ་ལམ་ལོ་ཤས་རིང་ཁོང་གིས་ཚོགས་པའི་སྣེ་ཁྲིད་ནས་ཁེ་ལས་དང་མཉམ་ལས་བྱས་ནས་ནས་ཀྱི་ཧུང་ཆུས་ཨ་རག་དང་། ནས་ཀྱི་སྟབས་བདེའི་ཐུག་པ། ནས་ཀྱི་ཏན་ཞིམ་སོགས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།