འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་རྩེར་སོན་གྱི་མི་མེད་གནམ་གྲུ་ལ་ཏིང་མེ་གླིང་གི་
    ཁྲོམ་རའི་ཕྱོགས་སུ་དཔུང་འཇུག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་པར་ཙིར་ཧྲེང་པའོ་ལུའོ་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོའི་ཏ་ཧྭ་རྩེར་སོན་མི་མེད་གནམ་གྲུ་དང་དེ་བཞིན་འཁོར་ཐོག་ཏུ་འཁྱེར་བ་དང་སྟབས་བདེ་ཞིང་འཁྱེར་བདེ་བའི་ལྟ་སྐུལ་ཚོད་འཛིན་མ་ལག་ནང་འདྲེན་བྱས་ནས་ཉེན་རྟོག་པས་ཛ་དྲག་གནས་ཚུལ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཀྲུང་གོའི་སྤུས་རྟགས་ཀྱི་རྩེར་སོན་མི་མེད་གནམ་གྲུ་པར་ཙིར་སྲིད་གཞུང་གི་ལས་རིགས་ཁྲོམ་རར་འདོན་ཐེངས་དང་པོ་ཡིན་ལ། ཀྲུང་གོའི་མི་མེད་གནམ་གྲུ་ལ་ཏིང་མེ་གླིང་གི་ཁྲོམ་རར་འདོན་ཆེད་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད།
         ཀྲུང་གོའི་མི་མེད་གནམ་གྲུར་ལ་ཏིང་མེ་གླིང་ཁྲོམ་རར་དགའ་བསུ་ཐོབ་ཡོད། ཏ་ཧྭ་མ་རྐང་པར་ཙིར་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝུའུ་དབྱིང་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་པར་ཙིར་གྱི་བདེ་འཇགས་གནས་ཚུལ་ཅུང་རྙོག་འཛིང་ཆེན་པོ་ཡོད་པས་ཉེན་རྟོག་པས་མང་ཚོགས་དབུལ་པོའི་སྡེ་ཁུལ་དུ་བསྐྱོད་ནས་ཉེས་གསོག་གནས་ཚུལ་ཐག་གཅོད་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད། ཏ་ཧྭ་རྩེར་སོན་མི་མེད་གནམ་གྲུའི་འཕྲལ་སྡོམ་བཀོད་འདོམས་དང་། ཉེན་རྟོག་པའི་བདེ་འཇགས་སྔོན་འགོག ནགས་ཚལ་མེ་ཟོན། གློག་ཤུགས་སྐོར་ཞིབ། ལྕགས་ལམ་སྐོར་གཡེང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་ཁྱབ་ཁོངས་མང་པོར་རྒྱ་ཁྱབ་ངང་སྤྱོད་ཆོག་པ་དང་། སྨི་400ཡན་ནས་ཉེས་གསོག་པའི་ངོ་རིས་ཆོད་པས་ཉེན་རྟོག་ཕྱོགས་ལ་རོགས་པ་ཆེན་པོ་ཐུབ་རྒྱུ་རེད།
         ཏ་ཧྭ་ཀུང་སིའི་མི་མེད་གནམ་གྲུའི་ཚོད་ལྟའི་འཕུར་སྐྱོད་བྱེད་སྒོ་སྤེལ་ཡུལ་ནས་གསར་འགོད་པས་རྒྱང་འཛིན་འཕྲུལ་ཆས་བཀོལ་སྤྱོད་སྟབས་བདེ་ཡིན་པ་དང་ལས་དོན་པས་མི་མེད་གནམ་གྲུ་X820རྟགས་ཅན་མཁའ་དབྱིངས་སུ་སྟབས་བདེའི་ངང་གཏོང་བ་མ་ཟད། འཕུར་སྐྱོད་བྱེད་རིང་བྱེད་སྒོ་སྤེལ་ཡུལ་གྱི་གནས་ཚུལ་ཡོད་དོ་ཅོག་གསལ་གསལ་ཐིང་ཐིང་ངང་བརྙན་ཕབ་བྱས་པ་མཐོང་བྱུང་།
         དེའི་ཐད་ཧྲེང་པའོ་ལུའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཏོའོ་ལི་ཡས་ཉེན་ཁའི་གནས་ཚུལ་ཐོན་མང་བའི་དམངས་བྱིངས་འདུ་འཛོམས་ཁུལ་དུ་མི་མེད་གནམ་གྲུས་ཉེན་རྟོག་ཕྱོགས་ཀྱི་ཛ་དྲག་གནས་ཚུལ་ཐག་གཅོད་བྱེད་ནུས་ཆེ་རུ་ནུས་ལྡན་གཏོང་ཐུབ་པ་མ་ཟད། "ང་ཚོས་ཀྲུང་གོའི་ཐོན་རྫས་དང་ལག་རྩལ་ནང་འདྲེན་བརྒྱུད་སྤྱི་པའི་དོ་དམ་ལས་ཕྱོད་ཆེ་རུ་གཏོང་ཐུབ་པའི་ཁར་གྲངས་གཞི་ཅན་གྱི་གྲོང་ཁྱེར་བསྐྲུན་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད"ཅེས་བརྗོད།
         ཉེ་དུས་ཧྲེང་པའོ་ལུའོ་རུ་གཉེར་བའི་རྒྱལ་སྤྱིའི་བདེ་འཇགས་དོགས་ཟོན་སྒྲིག་ཆས་འགྲེམས་སྟོན་གྱི་ཏ་ཧྭ་འགྲེམས་སྟེགས་ཀྱི་མདུན་དུ་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་སྐུ་མགྲོན་མང་པོ་རུབ་ནས་བསྡད་ཡོད། ཝུའུ་དབྱིང་ཅེས་འགྲེམས་སྟོན་འགོ་ཚུགས་པའི་ཉིན་དང་པོར་སྐུ་མགྲོན་མང་པོ་ཞིག་གིས་མི་མེད་གནམ་གྲུའི་འབྲེལ་ཡོད་གནས་ཚུལ་སྐོར་སྐད་ཆ་དྲིས་བྱུང་ལ་ཉིན་གསུམ་གྱི་འགྲེམས་སྟོན་རིང་སྐུ་མགྲོན་མང་པོ་ཞིག་གིས་མཉམ་ལས་ཀྱི་འདོད་ཚུལ་གསལ་པོ་བཤད་བྱུང་ཞེས་ངོ་སྤྲོད་བྱས་པ་རེད།
         དེ་བས་གལ་འགངས་ཆེ་བ་ཞིག་ནི་མི་མེད་གནམ་གྲུ་སྤྱོད་རྒྱུ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་མི་ཤུགས་མ་གནས་ཅུང་མཐོ་བའི་དཀའ་གནད་ཐག་གཅོད་ཐུབ་རྒྱུ་རེད། ཕྱོགས་མང་པོའི་ཐད་ཏ་ཧྭ་མི་མེད་གནམ་གྲུས་ཐད་འཕུར་གནམ་གྲུ་དཀྱུས་མའི་ཚབ་བྱས་ནས་ལས་དོན་བསྒྲུབ་རྒྱུ་དང་དུས་མཚུངས་རང་འགུལ་སྐོར་ཞིབ་ཐོག་བཞག་ཚེ་མི་མེད་བཀོལ་སྤྱོད་ཐུབ་པ་དང་། མི་ཤུགས་དང་མ་དངུལ་གྱི་གཏོང་ཆ་གཏོང་ཤུགས་གྲོན་ཆུང་ཐུབ་པ། ལས་ཕྱོད་ཆེ་རུ་འགྲོ་ཐུབ་པ་བཅས་བྱེད་ཐུབ།
         ཀྲུང་གོའི་ཏ་ཅང་སོགས་སྤུས་རྟགས་པར་ཙིར་གྱི་དམངས་སྤྱོད་མི་མེད་གནམ་གྲུའི་ཁྲོམ་རའི་ཐོག་ཁས་ལེན་རྒྱུན་ཆད་མེད་པར་ཐོབ་པ་དང་བསྟུན་ནས་ཏ་ཧྭ་གིས་མཚོན་བྱེད་དུ་བྱེད་པའི་ཀྲུང་གོའི་རྩེར་སོན་མི་མེད་གནམ་གྲུའང་པར་ཙིར་དུ་སྐད་གྲགས་ཆོད་འགོ་ཚུགས་ཡོད།
         "ལོ་དེ་དག་རིང་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་ལ་ཏིང་མེ་གླིང་དུ་ཡན་ལག་ཀུང་སི་བདུན་བཙུགས་ཡོད། བདེ་འཇགས་དོགས་ཟོན་སྒྲིག་ཆས་ཁྱབ་ཁོངས་སུ་ཏ་ཧྭ་འདི་ཉིད་ཁྲོམ་རའི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོའི་རྩེར་སོན་མི་མེད་གནམ་གྲུའི་མཚོན་བྱེད་ཡིན་པའི་ཁེ་ལས་ཏ་ཧྭས་ཐོན་རྫས་བཙོངས་རྗེས་ཀྱི་ཕྱོགས་ཡོངས་ཀྱི་ཞབས་ཞུ་དང་། ལག་རྩལ་གསོ་སྦྱོང་། ལ་ཏིང་མེ་གླིང་ལ་འཚམ་པའི་ཐག་གཅོད་ཇུས་གཞི་སྣ་ཚོགས་བཟོས་ནས་ལ་ཏིང་མེ་གླིང་ས་ཁུལ་ཡོངས་ཀྱི་བདེ་འཇགས་ཆེད་གཡས་སྲུང་གཡོན་སྐྱོར་ཐུབ"ཅེས་ཝུའུ་དབྱིང་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།