འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅༎དབྱིན་ཡིག་གི་ལོང་ཡིག་རྒྱུགས་ཤོག་རིམ་པ་བཞི་པ་བཟོ་བའི་གྲ་སྒྲིག་བྱས་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ད་སྔོན"མིག་དབང་སྒྲིབ་པའི་བུ་མོས་སློབ་གསོ་པུའུ་གཏུག་གཤེར་བྱས་པ"ལ་དམིགས་ནས། ཚེས་16ཉིན་སློབ་གསོ་པུའུ་ཡིག་ཚད་ལྟེ་གནས་གཞུང་ཕྱོགས་ཀྱི་ལན་དུ། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག 2017ལོའི་ཟླ་6པའི་རྒྱལ་ཡོངས་ཀྱི་སློབ་ཆེན་དབྱིན་ཡིག་ཡིག་རྒྱུགས་(CET)ལས་མིག་དབང་སྒྲིབ་པའི་མི་སྣར་ལོང་ཡིག་རྒྱུགས་ཤོག་རིམ་པ་བཞི་པ་བཟོ་རྒྱུའི་གྲ་སྒྲིག་ཕྱོགས་ཡོངས་ནས་བྱས་ཚར་བ་དང་། མིག་དབང་སྒྲིབ་པའི་རྒྱུགས་ཞུགས་སློབ་མ་དག་དབྱིན་ཡིག་གི་ཡིག་རྒྱུགས་རིམ་པ་བཞི་པའི་ནང་ཞུགས་རྒྱུའི་རེ་བ་སྐོང་ཐུབ་ཟེར། 
         ཆ་རྒྱུས་བྱུང་བ་ལྟར་ན། ན་ནིང་གི་ཟླ་9པར། ཁྲང་ཁྲུན་སློབ་ཆེན་དམིགས་བསལ་སློབ་གསོའི་སློབ་གླིང་གི་ཆེད་ལས་ཁབ་བཙའ་མཉེད་འཕུར་གྱི་མིག་དབང་སྒྲིབ་པའི་བུ་མོ་ཞའོ་ཆན་(འགྱུར་མིང)གྱིས་ཟླ་12པའི་སློབ་ཆེན་གྱི་དབྱིན་ཡིག་ཡིག་རྒྱུགསརིམ་པ་བཞི་པར་མིང་ཐོ་བཀོད་པ་དང་། ས་གནས་ཀྱི་སློབ་གསོའི་ལས་ཁུངས་ལ་ལོང་ཡིག་རྒྱུགས་ཤོག་སྤྱོད་རྒྱུའི་རེ་བ་ཞུས་ཀྱང་ཆོག་མཆན་མ་ཐོབ་ལ། ད་ལོའི་ཟླ་3པའི་དབྱིན་ཡིག་གི་རྒྱུགས་ལེན་རིམ་པ་བཞི་པ་དང་དྲུག་པར་མིང་ཐོ་འགོད་སྐབས། ཞའོ་ཆན་གྱི་རེ་བར་སྔར་བཞིན་འབྲས་བུ་མ་སྨིན། ཟླ་5ཚེས་10ཉིན། ཞའོ་ཆན་གྱིས་ཁྲིམས་རྩོད་པར་མངགས་བཅོལ་བྱས་ནས་པེ་ཅིང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གྱོད་དོན་གཏུག་གཤེར་བྱས་ཏེ། སློབ་གསོ་པུའུ་ལ་དབང་པོ་སྐྱོན་ཅན་གྱི་སློབ་མ་དབྱིན་ཡིག་གི་རྒྱུགས་ལེན་རིམ་པ་བཞི་པར་ཞུགས་པའི་སྟབས་བདེའི་བྱེད་ཐབས་འོས་འཚམ་མཁོ་འདོན་བྱེད་རེ་བཏོན་པས། ཁྲིམས་ཁང་གིས་དེའི་ཉིན་མོར་གྱོད་དོན་དེ་བདག་སྤྲོད་བྱས། 
         སློབ་གསོ་པུའུ་ཡིག་ཚད་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་པས་བཤད་པ་ལྟར་ན། ལོ་མང་རིང་ཡིག་ཚད་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་གྱི་སློབ་མ་རྒྱུགས་སྤྲོད་ལ་ཞུགས་པར་སྟབས་བདེ་བསྐྲུན་རྒྱུའི་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། དབྱིན་ཡིག་གི་རྒྱུགས་ལེན་རིམ་པ་བཞི་པར་ཞུགས་པའི་དབང་པོ་སྐྱོན་ཅན་གྱི་སློབ་མར་སྟབས་བདེའི་བྱེད་ཐབས་དང་ཞབས་ཞུ་སྤུས་ལེགས་སྣ་ཚོགས་མཁོ་འདོན་བྱས་ཡོད་པ་དཔེར་ན།རྣ་དབང་ལ་སྐྱོན་ཡོད་པའི་རྒྱུགས་སྤྲོད་པར་ཉན་ནུས་ཡིག་རྒྱུགས་མེད་པར་བཟོ་པ་དང་སྐར་གྲངས་བརྗེ་བའི་ཐབས་སྤྱད་པ་དང་། མིག་དབང་སྒྲིབ་པའི་རྒྱུགས་སྤྲོད་པར་རྒྱུགས་ཤོག་ཡིག་ཆེན་དང་རྒྱུགས་འབྲིའི་དུས་ཡུན་ཇེ་རིང་དུ་བཏང་བ་སོགས་པའི་སྟབས་བདེ་བསྐྲུན་ཡོད་པ་དང་། 2016ལོའི་ཟླ་12པར་མིག་དབང་སྒྲིབ་པའི་རྒྱུགས་སྤྲོད་པ་18ཀྱིས་རྒྱུགས་ཤོག་ཡིག་ཆེན་བཀོད་སྤྱོད་བྱས་པར། རྒྱུགས་སྤྲོད་པ་དང་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ཡོད། ལོང་ཡིག་གི་རྒྱུགས་ཤོག་བཟོ་བའི་གོ་རིམ་ནི་ཧ་ཅང་རྙོག་འཛིང་ཡིན་ལ། ལོང་ཡིག་ཤེས་མཁན་མི་སྣར་མཁོ་བ་མ་ཟད། དམིགས་བསལ་རྒྱུགས་ཤོག་བཟོ་བའི་ལག་ཆ་ཡང་དགོས་པ་དང་། ཉེ་ལོའི་རིང་ལ། ལོང་ཡིག་གི་རྒྱུགས་ཤོག་དགོས་མཁོ་གསར་པར་དམིགས་ནས། ཡིག་ཚད་ལྟེ་གནས་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ཐོག་མཉམ་ལས་བྱས་ཏེ། དབྱིན་ཡིག་གི་རྒྱུགས་ཤོག་རིམ་པ་བཞི་པ་བཟོ་བར་ཞིབ་འཇུག་གཏིང་ཟབ་དང་གྲ་སྒྲིག་བྱས་ཡོད་ཟེར། 
      

    ཕྱོགས་བསྡུས་གསར་འགྱུར།