འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཱ་ཁི་རོན་གྱིས་དངོས་སུ་ཧྥ་རན་སེའི་སྲིད་འཛིན་གྱི་འགན་བཞེས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 16:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཱ་ཁི་རོན་གྱིས་དངོས་སུ་ཧྥ་རན་སེའི་སྲིད་འཛིན་གྱི་འགན་བཞེས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། བདམས་ཐོན་བྱུང་མ་ཐག་པའི་ཧྥ་རན་སེ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨའེ་མན་ནུ་ཨེལ་•མཱ་ཁི་རོན་(Emmanuel Macron)གྱིས་དངོས་སུ་སྲིད་འཛིན་གྱི་འགན་བཞེས་ཤིང་། ད་ལྟ་དགུང་ལོ་39སོན་པའི་མཱ་ཁི་རོན་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེ་བའི་ལོ་60རིང་གི་ལོ་ཆུང་ཤོས་ཀྱི་སྲིད་འཛིན་པར་གྱུར་པ་རེད།
          མཱ་ཁི་རོན་གྱིས་སྲིད་འཛིན་འགན་བཞེས་པའི་རྗེས་ཐོག་མའི་གཏམ་བཤད་ཁྲོད་དུ། ཁོང་གིས་ཧྥ་རན་སེ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཁ་ཐོར་དུ་སོང་བ་སླར་སོས་དང་ཉམས་རྒུད་དུ་འགྱུར་བའི་ཡོ་རོབ་མནའ་འབྲེལ་བསྐྱར་གསོ་བྱ་རྒྱུར་འབད་པ་བྱེད་ངེས་ཡིན་ཞེས་བརྗོད་པ་རེད།
          ཚེས་14ཉིན་གྱི་སྔ་དྲོར། མཱ་ཁི་རོན་ཧྥ་རན་སེའི་རྒྱལ་ས་ཕ་རི་སི་ཡི་ཕོ་བྲང་ཨེ་ལི་སའེ་(ElyséePalace)རུ་འབྱོར་ཞིང་། མི་འགྱངས་པར་ལས་ཐོག་འཁྱུར་བར་བྱེད་པའི་ཧྥ་རན་སེའི་སྲིད་འཛིན་སའོ་སི་•ཧོ་ལན་ཏེ་(François Hollande)ཡིས་དགའ་བསུའི་སྣེ་ལེན་གནང་བ་རེད། ཧྥ་རན་སེ་གསར་འགྱུར་ཁང་གིས་ཧོ་ལན་ཏེ་དང་མཱ་ཁི་རོན་གཉིས་སྒོ་རྒྱག་གྲོས་མོལ་གནང་བ་མ་ཟད། "ཉིང་རྡུལ་གཅུས་སྒོ"མཱ་ཁི་རོན་ལ་སྤྲད་པ་རེད་ཅེས་གནས་འཕྲིན་སྤེལ་ཡོད་པ་རེད།
          དེའི་རྗེས། མཱ་ཁི་རོན་དང་ཕོ་བྲང་ཨེ་ལི་སའེ་ཡི་ལས་བྱེད་མི་སྣ་ཚོས་ཐལ་མོའི་རྡེབ་སྒྲ་ཡི་སྐྱེལ་མའི་ཁྲོད། ལོ་62ལ་སོན་པའི་ཧོ་ལན་ཏེ་རླངས་འཁོར་ལ་བཞུགས་ཏེ་ཕོ་བྲང་ཨེ་ལི་སའེ་དང་ཁ་བྲལ་བ་རེད།
          ཧྥ་རན་སེ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལའུ་རེན་ཐི་•ཧྥ་པི་ཨུ་སི་(Laurent Fabius)ཡིས་མཱ་ཁི་རོན་གྱིས་ཧྥ་རན་སེ་ཡི་སྲིད་འཛིན་གྱི་འགན་དངོས་སུ་བཞེས་པ་ཡིན་ཞེས་བསྒྲགས་པ་དང་། ཧྥ་པི་ཨུ་སི་ཡིས་མཱ་ཁི་རོན་ལ"མི་ཞིག་རྒྱལ་ཁབ་ཀྱི་ལྷ་སྲས་སུ་གྱུར་འདོད་ན། ཐོག་མར་ངེས་པར་དུ་དུས་རབས་ཀྱི་ལྷ་སྲས་སུ་གྱུར་དགོས། ཁྱོད་ནི་དུས་རབས་ཀྱི་ལྷ་སྲས་སུ་གྱུར་ཡོད་པ་རེད། མང་ཚོགས་ཀྱི་རང་མོས་འདེམས་བསྐོ་བྱས་པར་གཞིགས་ན། ད་ལྟ། ཁྱོད་ནི་རྒྱལ་ཁབ་ཀྱི་ལྷ་སྲས་ཡིན་པ་རེད"ཅེས་བརྗོད་པ་རེད།
         མཱ་ཁི་རོན་ནི་1977ལོའི་ཟླ་12པར་སྐྱེས་ཤིང་། སློབ་ཆེན་མཐར་ཕྱིན་རྗེས་དངུལ་རྩའི་ལས་རིགས་སུ་ལས་ཀ་བྱས་པ་དང་། 2012ལོར་ཚོང་ལས་ནས་སྲིད་ཕྱོགས་སུ་ཞུགས་ཤིང་། སྐབས་དེའི་སྲིད་འཛིན་སའོ་སི་•ཧོ་ལན་ཏེ་(François Hollande)ཡིས་སྲིད་འཛིན་སྒར་ཤག་གི་དྲུང་ཆེ་གཞོན་པར་བསྐོས་པ་རེད། 2014ལོའི་ཟླ་8པར། ཧྥ་རན་སེ་སྲིད་གཞུང་བསྐྱར་སྒྲིག་བྱས་པས། རང་ལོ་36ལ་སོན་པའི་ཁོང་ཉིད་ཧྥ་རན་སེའི་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་དུ་བསྐོས་པ་རེད།ད་ལོའི་ཟླ་5ཚེས་7ཉིན་གྱི་སྲིད་འཛིན་འདེམས་བསྐོའི་རེ་སྐོར་གཉིས་པའི་འདེམས་ཤོག་འཕེན་པའི་ནང་། མཱ་ཁི་རོན་ལ་འདེམས་ཤོག་66.10%ཐོབ་ཡོད་པས་འགྲན་ཡ་གཡས་ཤོག་ཐལ་དྲག་ཏང"རྒྱལ་དམངས་དཔུང་ཁག"གི་འོས་མི་མཱ་རི་ནེ་•ལེ་ཕེན་(Marine Le Pen)ལས་རྣམ་པར་རྒྱལ་ཏེ་ཧྥ་རན་སེའི་སྲིད་འཛིན་གསར་པར་བདམས་ཐོན་བྱུང་བ་རེད།
    ༄༅།།མཱ་ཁི་རོན་གྱིས་དངོས་སུ་ཧྥ་རན་སེའི་སྲིད་འཛིན་གྱི་འགན་བཞེས་པ།
    ༄༅།།མཱ་ཁི་རོན་གྱིས་དངོས་སུ་ཧྥ་རན་སེའི་སྲིད་འཛིན་གྱི་འགན་བཞེས་པ།
      

    ཕྱོགས་བསྡུས་གསར་འགྱུར།