འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་མཚོ་ཆུང་ནོར་བུའི་ཁ་དོག་སླར་གསོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཡུན་རིང་མ་སོང་གོང་མཚོ་སྔོན་པོའི་མཚོ་ཆུང་ནོར་བུའི་ཁ་དོག་ཟིང་སྐྱར་གྱུར་པའི་གནས་ཚུལ་ལ་དམིགས་ཏེ་ཁོང་ཚོས་ལག་རྩལ་རྐང་འཛིན་པ་ཟུར་འཐེན་གྱིས་བྱེས་བགྲོད་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་ཆུང་ལ་ཡོངས་ཁྱབ་ཞིབ་བཤེར་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ཤིང་། མིག་སྔར་ཁོངས་གཏོགས་མཚོ་ཆུང་གི་ཁ་དོག་སླར་གསོ་བྱུང་ཡོད་པ་རེད།
         "མཚོ་སྔོན་པའི་ཁོངས་གཏོགས་ཀྱི་མཚོ་ཆུང་ནོར་བུའི་ཁ་དོག་ཟིང་སྐྱར་གྱུར་འདུག"ཅེས་པའི་ཆ་འཕྲིན་ཞིག་ཡུན་རིང་མ་སོང་གོང་དྲ་ཐོག་ཏུ་བརྒྱུད་བསྐུར་མང་པོ་བྱས་ཤིང་། ཆ་འཕྲིན་དེའི་ནང་བརྙན་ལམ་དང་པར་རིས་དྲངས་པར་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་དབྱེ་ཞིབ་རགས་ཙམ་བྱས་པར་གཞིགས་ན། མཚོ་ཆུང་དེ་ཡོངས་ཀྱི་ཁ་དོག་ཟིང་སྐྱ་ཆགས་པ་ནི་མཚོ་ཆུང་དབུས་ཀྱི་རྩྭ་ངན་དང་འདམ་པར་གར་ཚི་ཟིང་སྐྱ་ཞིག་འབྱར་བ་ལས་ཆགས་པ་ཞིག་རེད། མཚོ་ཆུང་ནོར་བུའི་མཐའ་འཁོར་ནི་འབྲོག་པའི་རྩྭ་ར་ཡིན་པ་ལས་བཟོ་གྲྭ་མེད་པས་བཟོ་ལས་ཀྱི་སྦགས་བཙོག་ལས་ཆགས་པའི་གནད་དོན་ཟུར་འབུད་བྱེད་ཆོག་གི་ཡོད་པ་རེད།
         མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4ཚེས་20ཉིན་ནས་བཟུང་རི་ཐང་བརྟག་དཔྱད་ཚོགས་ཆུང་གིས་དུས་ཡུན་ཉིན་བདུན་དང་ལམ་ཐག་སྤྱི་ལེ་700ཙམ་བསྐྱོད་ནས་བརྟག་དཔྱད་བྱས་ཤིང་། དེའི་རིང་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ་དང་མི་མེད་གནམ་གྲུ་བཏང་ནས་པར་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་ཆུང་19ལ་བརྟག་དཔྱད་བྱས་ཡོད་པ་རེད།
         ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པར་གཞིགས་ན། མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་ཆུང་19ཡི་ཆུ་བོ་དྭངས་ཤིང་གཙང་བ་དང་ཆུ་མདོག་ལ་འགྱུར་བ་བྱུང་མེད། མཚོ་ཆུང་ནོར་བུའི་ཁ་དོག་ཟིང་སྐྱར་གྱུར་པའི་གནས་ཚུལ་དེ་མཚོ་ཆུང་གཞན་དུ་ཐོན་མེད། དུས་མཚུངས་སུ་ལྟ་ཞིབ་ཚད་ལེན་ཡང་ཡང་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ད་ལྟ་མཚོ་ཆུང་ནོར་བུའི་ཁ་དོག་སླར་གསོ་བྱུང་ཡོད་པ་རེད།
         མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་ཆུང་དག་གི་གནས་ཚུལ་ཚན་རིག་དང་མཐུན་ཞིང་ཕྱོགས་ཡོངས་ནས་ཤེས་རྟོགས་ཡོང་བ་བྱ་ཆེད། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ཟླ་བ་ལྔ་པའི་ཟླ་སྟོད་དུ་མཚོ་སྔོན་དུ་བརྟག་དཔྱད་བྱེད་པར་གདན་དྲངས་ཤིང་། ཁོང་ཚོས་མཚོ་ཆུང་ནོར་བུ་དང་དེ་བཞིན་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་ཆུང་དུ་ཆེད་དོན་བརྟག་དཔྱད་བྱེད་པར་བསྐྱོད་ནས་རེ་རེ་བཞིན་གྲལ་བཤེར་བྱ་རྒྱུ་རེད།
         ཀྲུང་གོའི་སྐམ་སའི་ཚྭ་མཚེའུ་ཆེ་ཤོས་ཤིག་ཡིན་པའི་མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་སྣོད་བཅུད་འཕོ་འགྱུར་གྱི“སྙོམས་སྒྲིག་ཡོ་བྱད”ལྟ་བུ་རེད་ལ་ཀྲུང་གོའི་བྱང་ཕྱོགས་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།