འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀླད་ནུས་ཉམས་པའི་ལོ་ཆུང་བྱིས་པར་བརྟག་དཔྱད་དང་སྐྱོབ་བཅོས་ཀྱི་མིང་ཐོ་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དབང་རྩའི་ཕྱི་བཅོས་ཚན་ཁག་དང་ཀྲུང་རི་མཛའ་གྲོགས་སྨན་ཁང་ཀླད་ནུས་ཉམས་པའི་ལྟེ་གནས་དབར་མཉམ་ལས་བྱས་ནས་སྤེལ་བའི་ཀླད་ནུས་ཉམས་པའི་ལོ་ཆུང་བྱིས་པའི་བརྟག་དཔྱད་དང་སྐྱོབ་བཅོས་རྣམ་གྲངས་ཀྱི་བརྟག་དཔྱད་མིང་ཐོ་ཟླ་5ཚེས་5ཉིན་འགོད་མཚམས་བཞག་ཅིང་། བརྟག་དཔྱད་ཐོ་འགོད་ཀྱི་ཆ་རྐྱེན་འཛོམས་པའི་མི་326ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་སྐལ་བཟང་དོན་གྲུབ་ཀྱིས་ལྗོངས་ཡོངས་སུ་སྤེལ་བའི་ཀླད་ནུས་ཉམས་པའི་ལོ་ཆུང་བྱིས་པར་བརྟག་དཔྱད་དང་སྐྱོབ་བཅོས་རྣམ་གྲངས་ཟླ་4ཚེས་18ཉིན་ནས་བཟུང་སྨན་ཁང་གི་སྨན་དོན་མི་སྣའི་སྐད་འཕྲིན་གྲོགས་ཚོགས་བརྒྱུད་ཕན་ཚུན་བརྒྱུད་བསྐུར་བྱས་རྗེས་བློ་འདྲི་བྱེད་མཁན་མང་དུ་ཕྱིན་ཡོད། མིང་ཐོ་འགོད་མཚམས་བཞག་པའི་བར་བསྡོམས་རྩིས་བྱས་པ་བརྒྱུད་བརྟག་དཔྱད་ཐོ་འགོད་ཀྱི་ཆ་རྐྱེན་འཛོམས་པའི་མི་326ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          སྐལ་བཟང་དོན་གྲུབ་ཀྱིས“ནད་པ་དེ་དག་ནི་གཞིས་རྩེ་དང་། ཉིང་ཁྲི། ཆབ་མདོ། མངའ་རིས་སོགས་རང་ལྗོངས་ཀྱི་གྲོང་ཁྱེར་(ས་ཁུལ)ཁག་ནས་ཡོང་བ་ཡིན་པ་དང་དེའི་ཁྲོད་ལོ་ན་ཆུང་ཤོས་ཟླ་བ་བཞི་ལས་སླེབས་ཀྱི་མེད”ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས་མིག་སྔར་དབང་རྩའི་ཕྱི་བཅོས་ཚན་ཁག་གི་སྨན་དོན་མི་སྣས་ལས་དུས་འཕར་མ་བརྒྱབ་ནས་མིང་ཐོ་འགོད་མཁན་གྱི་དཔྱད་གཞིའི་ཡིག་ཆ་ལེགས་སྒྲིག་བྱེད་བཞིན་ཡོད། ང་ཚོས་ལེགས་སྒྲིག་བྱེད་དོན་ནི་མིང་ཐོ་འགོད་མཁན་མི་གྲངས་དང་། ལོ་ཚད། ཁྱབ་ཚུལ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་ནས་དུས་མཇུག་ཏུ་བརྟག་དཔྱད་དང་སྐྱོབ་བཅོས་ལ་སྟབས་བདེ་ཡོང་ཆེད་ཡིན་ཞེས་བཤད།
          བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་དབྱང་ཏུང་གིས་ག་དུས་བརྟག་དཔྱད་དང་སྐྱོབ་བཅོས་བྱེད་དམ་ཟེར་ན། མཉམ་ལས་ཕྱོགས་ཀྲུང་རི་མཛའ་གྲོགས་སྨན་ཁང་ཀླད་ནུས་ཉམས་པའི་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཚོའི་དུས་ཚོད་ལ་གཞིགས་ནས་བཀོད་སྒྲིག་བྱ་རྒྱུ་རེད། བརྟག་དཔྱད་དངོས་སུ་མ་བྱས་གོང་སྨན་ཁང་དེས་ད་དུང་ཀྲུང་རི་མཛའ་གྲོགས་སྨན་ཁང་ཀླད་ནུས་ཉམས་པའི་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཆེད་མངགས་བོད་དུ་འོངས་ཏེ་ཕྱོགས་ཡོངས་ནས་ང་ཚོའི་སྨན་པར་གསོ་སྦྱོང་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          གཞན་ཡང་བརྟག་དཔྱད་ཀྱི་ལས་དོན་དངོས་ཀྲུའུ་རེན་ཡུས་ཡན་པིང་གིས་སྣེ་ཁྲིད་པའི་ཀྲུང་རི་མཛའ་གྲོགས་སྨན་ཁང་ཀླད་ནུས་ཉམས་པའི་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དབང་རྩའི་ཕྱི་བཅོས་ཚན་ཁག་གི་སྨན་པ་ཚོས་མཉམ་དུ་སྤེལ་རྒྱུ་རེད། དབྱང་ཏུང་གིས“ཀྲུའུ་རེན་ཡུས་ཡན་པིང་གིས་སྣེ་ཁྲིད་གནང་བའི་རིགས་གཅིག་མཁས་ཅན་ཚོགས་པས་གཤགས་བཅོས་དེ་འདྲ་ཐེངས་མང་བྱེད་མྱོང་ཡོད། གཤགས་བཅོས་བྱེད་སར་དམར་ཁྲིད་བྱས་རྗེས་ང་ཚོའི་སྨན་ཁང་གི་སྨན་པས་ཀྱང་རྩལ་ནུས་དེ་དག་རིམ་བཞིན་ཁོང་དུ་ཆུད་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།
          “མིང་ཐོ་འགོད་མཁན་མང་ལ་བོད་ཀྱི་ས་ཁུལ་ཆ་ཚང་ནས་ཡོད་པས། བརྟག་དཔྱད་སྐྱོབ་བཅོས་ཀྱི་དུས་ཚོད་གཏན་འཁེལ་བྱུང་རྗེས་ང་ཚོས་དུས་ཐོག་ཏུ་བརྟག་དཔྱད་བྱེད་སའི་ནད་པ་དང་ཁྱིམ་བདག་ལ་བརྡ་ཐོ་བཏང་ནས་ཁོང་ཚོར་ལྷ་སར་ཡོང་རྒྱུའི་དུས་ཚོད་འདང་ངེས་ཡོང་བ་བྱེད་ཀྱི་རེད། མིང་ཐོ་འགོད་མཁན་གྱི་མི་གྲངས་གཞིར་བཟུང་བརྟག་དཔྱད་གཟའ་འཁོར་གཅིག་ཙམ་བྱ་རྒྱུ་རེད། སྐབས་དེ་དུས་ནད་པའི་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་སྨན་བཅོས་ཀྱི་བསམ་འཆར་འདོན་རྒྱུ་དང་ཕྱི་ནད་ཚན་ཁག་གི་སྨན་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་པ་རྣམས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ཁག་ཐེངས་དབྱེ་ནས་གཤགས་བཅོས་བྱ་རྒྱུ་རེད”ཅེས་དབྱང་ཏུང་གིས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།