མི་དམངས་དྲ་བ།

༄༅།།ཞིང་ལས་པུའུ་ཡིས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་སྤྱོད་ཆེན་པོ་ལྔ་སྤེལ་འགོ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་ཞིང་ལས་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ“ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་སྤྱོད་ཆེན་པོ་ལྔ”ལག་བསྟར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ལ་བསྒྱུར་ནས་སྤྱོད་པའི་བྱ་སྤྱོད་དང་། ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་བཅས་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་བྱ་སྤྱོད། བྱང་ཤར་ས་ཁུལ་གྱི་སོག་མ་ཐག་གཅོད་ཀྱི་བྱ་སྤྱོད། ཞིང་སྤྱོད་འགྱིག་ཁེབས་ཕྱིར་བསྡུའི་བྱ་སྤྱོད། འབྲི་ཆུས་གཙོས་པའི་ཆུ་ཐོན་སྐྱེ་དངོས་སྲུང་སྐྱོང་གི་བྱ་སྤྱོད་བཅས་ཚུད་ཡོད།
       ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་ལོ་བསྟུད་མར་ལོ་ལེགས་བྱུང་ནས་སྲིང་བལ་དང་། སྣུམ། མངར་ཆ། ཤིང་འབྲས། སྔོ་ཚལ། ཇ་ལོ། ཤ། སྒོ་ང་། འོ་མ། ཆུའི་ཐོན་རྫས་བཅས་མཁོ་སྤྲོད་འདང་ངེས་ཡོད། ཞིང་ལས་འཕེལ་རྒྱས་འགྲོ་བ་དང་སྦྲགས་ཞིང་ལས་སྣོད་བཅུད་ཁོར་ཡུག་ལ་སྐྱོན་བརྒྱབ་ཡོད་ཅིང་། རྫས་ལུད་དང་ཞིང་སྨན་ཚད་ལས་བརྒལ་ནས་སྤྱད་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཐོན་ཁུངས་ལ་བསྒྱུར་ནས་སྤྱོད་ཚད་དང་། ཞིང་སྤྱོད་འགྱིག་ཁེབས་ཕྱིར་བསྡུ་བྱེད་ཚད། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐག་གཅོད་དང་ཐོན་ཁུངས་ལ་བསྒྱུར་ནས་སྤྱོད་ཚད་བཅས་ཅུང་དམའ་བ། རྒྱ་མཚོའི་ཉ་ལས་ཐོན་ཁུངས་རྒྱུན་མཐུད་ཉམས་ཞན་དུ་སོང་བ་སོགས་ཀྱི་གནད་དོན་དེ་དང་སྦྲགས་ནས་ཐོན་ཡོད་པས། “བྱ་སྤྱོད་ཆེན་པོ་ལྔ”སྤེལ་དོན་ནི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
       སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཁྱོན་ཡོངས་ནས་རྒྱག་འགོ་ཚུགས་པ་དང་། རྫོང་ཡོངས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ལ་བསྒྱུར་ནས་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་ཚགས་ཀྱི་བེད་མེད་དངོས་པོ་ཐོན་ཁུངས་ལ་བསྒྱུར་ནས་ཐག་གཅོད་བྱེད་པའི་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་མནའ་འབྲེལ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཕྱོགས་བསྡུས་སྤྱོད་ཚད་75%ཡན་ཟིན་པ་དང་2020ལོར་སླེབས་སྐབས་གཞི་རྩའི་ཆ་ནས་གཞི་ཁྱོན་ཆེ་བའི་གསོ་ཚགས་ར་བའི་ལུད་ཐོན་ཁུངས་ལ་བསྒྱུར་ནས་སྤྱོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་བཅས་ཀྱི་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ་གཙོ་གནད་རྫོང་100བདམས་ནས་ཚོད་ལྟ་དཔེ་སྟོན་བྱས་ཏེ་2020ལོར་སླེབས་སྐབས་ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་བཅས་ཀྱི་ལེགས་ཆའི་ཐོན་ཁུལ་དུ་རྫས་ལུད་སྤྱོད་ཚད་20%ཡན་ཉུང་དུ་གཏོང་རྒྱུ་དང་ལྟེ་བའི་ཐོན་ཁུལ་དང་གྲགས་ཅན་སྤུས་རྟགས་ཀྱི་ཐོན་སྐྱེད་རྟེན་གཞི(གླིང)རུ་རྫས་ལུད་སྤྱོད་ཚད་50%ཡན་ཉུང་དུ་གཏོང་རྒྱུ། བྱང་ཤར་ས་ཁུལ་གྱི་སོག་མ་ཐག་གཅོད་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ་སོག་མ་རྩ་བ་ནས་སྔོག་སྟེ་ཞིང་ནང་དུ་སྦ་བ་དང་སོག་མ་བཙབས་རྗེས་ཞིང་ཁའི་ནང་སྟོར་བ་སོགས་འཁོར་རྒྱུག་བེད་སྤྱོད་ཀྱི་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་2020ལོར་སླེབས་སྐབས་བྱང་ཤར་ས་ཁུལ་གྱི་སོག་མ་ཕྱོགས་བསྡུས་སྤྱོད་ཚད་80%ཡན་ཟིན་པ་དང་གསར་སྣོན་སོག་མ་སྤྱོད་ནུས་ཏུན་ཁྲི་2700ལྷག་ཟིན་པ་བྱ་རྒྱུ། ཞིང་སྤྱོད་འགྱིག་ཁེབས་ཕྱིར་བསྡུའི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁ་གསབ་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་2020ལོར་སླེབས་སྐབས་ཞིང་སྤྱོད་འགྱིག་ཁེབས་ཕྱིར་བསྡུས་ནས་བསྐྱར་དུ་སྤྱོད་ཚད་80%ཡན་ཟིན་པ་བྱ་རྒྱུ། འབྲི་ཆུས་གཙོས་པའི་ཆུ་ཐོན་སྐྱེ་དངོས་སྲུང་སྐྱོང་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ་2020ལོར་སླེབས་སྐབས་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་ཐོན་སྐྱེ་དངོས་ཐོན་ཁུངས་ཉམས་ཞན་དུ་འགྲོ་བ་དང་། ཆུ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ། ཆུ་ཐོན་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉུང་དུ་འགྲོ་བ་བཅས་ཀྱི་སྣང་ཚུལ་བཀག་འགོག་བྱེད་ཐུབ་པ་བྱ་རྒྱུ་བཅས་ཡིན་པ་རེད།