མི་དམངས་དྲ་བ།

༄༅།།སློབ་གསོ་པུའུ་ཡིས་2017ལོའི་དཔྱིད་དུས་སློབ་འགོ་ཚུགས་སྐབས་སློབ་མར་བརྙས་བཅོས་
ཤོད་པ་དང་དྲག་སྤྱོད་སྤེལ་བའི་བྱེད་སྤྱོད་བཅོས་སྒྲིག་ལས་དོན་ལ་
ཤུགས་སྣོན་རྒྱག་དགོས་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་སློབ་མར་བརྙས་བཅོས་ཤོད་པ་དང་དྲག་སྤྱོད་སྤེལ་བའི་བྱེད་སྤྱོད་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དོགས་ཟོན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པ། གླེང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་གྲལ་བཤེར་གྱིས་འགལ་བ་དང་རྩོད་གཞི་སེལ་བ་བཅས་བྱས་ཏེ་སློབ་མར་བརྙས་བཅོས་ཤོད་པ་དང་དྲག་སྤྱོད་སྤེལ་བའི་བྱེད་སྤྱོད་གཏན་འགོག་ནུས་ལྡན་བྱས་ཡོད། འདི་ནི་གསར་འགོད་པས་ཚེས་9ཉིན་སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་《2017ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་ལས་དོན་གྱི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་》(གཤམ་དུ་《སྙན་ཞུ་》ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བ་ཞིག་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་27ཉིན་ནས་ཟླ་3ཚེས་3ཉིན་བར་སློབ་གསོ་པུའི་ཏང་ཙུའི་ཁོངས་མིས་རུ་སྣེ་འཁྲིད་དེ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་ཞིང་ཆེན་ཁ་ཤས་ཀྱི་སློབ་གསོ་སྤྱི་བདེ་སྡེ་ཚན་གྱིས་མཉམ་དུ་སྣོལ་སྡེབ་ཞིབ་བཤེར་ཟུང་འབྲེལ་གྱི་བྱེད་སྟངས་ཐོག་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་དཔྱིད་དུས་སློབ་འགོ་ཚུགས་པའི་ལས་དོན་སྤེལ་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཁོངས་ནང་མཐོ་སློབ་དཀྱུས་མ་དང་། མཐོ་རིམ་སློབ་འབྲིང་། དམའ་རིམ་སློབ་འབྲིང་། སློབ་ཆུང་། བུ་བཅོལ་ཁང་སོགས་སློབ་རིམ་མི་འདྲ་བའི་སློབ་གྲྭ་ཚུད་ཡོད།
     སྙན་ཞུའི་ནང་ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་དོ་དམ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་གླིང་གི་བདེ་འཇགས་དོགས་ཟོན་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་སློབ་གླིང་གི་བདེ་འཇགས་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་མ་ཟད། ད་དུང་གཙོ་གནད་ཁྱབ་ཁོངས་ལ་དོགས་ཟོན་ཡག་པོའང་བྱས་ཡོད། སློབ་མར་བརྙས་བཅོས་ཤོད་པ་དང་དྲག་སྤྱོད་སྤེལ་བའི་བྱེད་སྤྱོད་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་ཧྲན་ཤིས་ཀྱིས་གཞིས་ལུས་བྱིས་པ་དང་སློབ་མ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཚན་དབར་གྱི་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་སློབ་གསོ་གཏོང་བ་བཅས་བྱས་ཏེ་སློབ་རའི་བརྙས་བཅོས་ཤོད་པ་དང་དྲག་སྤྱོད་སྤེལ་ནས་གནོད་འཚེ་གཏོང་སྲིད་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཏན་ཏིག་ངང་མེད་པ་བཟོས་ཡོད། ནང་སོག་ཁྲི་ཕུང་གྲོང་ཁྱེར་ཧུང་ཧྲན་ཆུས་ཀྱིས་རང་འགུལ་དོགས་ཟོན་བྱེད་པ་ནས་བྱ་སྤྱོད་མྱུར་སྤེལ་གྱིས་ཐག་གཅོད་བྱེད་པའི་བར་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་སློབ་མར་བརྙས་བཅོས་ཤོད་པ་དང་དྲག་སྤྱོད་སྤེལ་བའི་བྱེད་སྤྱོད་འགོག་བཅོས་ཀྱི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱས་ཡོད། ཁྲུང་ཆིང་གིས་ཚགས་པར་དང་། སྐད་འཕྲིན། སློབ་གླིང་གི་རླུང་འཕྲིན་སོགས་ཀྱི་དྲིལ་བསྒྲགས་སྐར་ཁུང་གང་ལེགས་སྤྱད་དེ་འགྲེམས་སྟེགས་731བཟོས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི་30ལྷག་ཙམ་སྤྲད་པ། འཕྲིན་ཐུང་སྐད་འཕྲིན་ཁྲི་100ལྷག་ཙམ་བསྐུར་བ་བཅས་བྱས་ཏེ་སློབ་གླིང་གི་བརྙས་བཅོས་ཤོད་པའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་སློབ་གསོ་བཏང་ཡོད། ཧྲང་ཧའེ་ཡིས་སློབ་གླིང་གི་བརྙས་བཅོས་ཤོད་པའི་བྱེད་སྤྱོད་སྔོན་འགོག་དང་ཐག་གཅོད་བྱེད་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་གྲོང་ཁྱེར་དེ་གའི་སློབ་གྲྭ་དང་སློབ་གླིང་གི་བརྙས་བཅོས་ཤོད་པའི་བྱེད་སྤྱོད་བཅོས་སྒྲིག་བྱས་པར་ཆེད་མངགས་དབྱེ་ཞིབ་དང་བརྡར་ཤ་བཅད་པ་བརྒྱུད་བཅོས་སྒྲིག་ཐབས་ཇུས་ཁ་གསལ་བཟོས་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཆགས་ནས་བཅོས་སྒྲིག་ལས་དོན་ལ་སྲ་ཞིང་བརྟན་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད།