འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཀྲོའུ་རུ་གློ་བུར་དྲག་ཆར་ཆེན་པོ་བབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་གྱི་ཞོགས་པ་ནས་ཉིན་གུང་བར། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཧྭ་ཏུའུ་ཁུལ་དང་། ཙིང་ཁྲེན་ཁུལ། ཧུང་ཕུའུ་ཁུལ་བཅས་སུ་སྔ་རྗེས་སུ་དྲག་ཆར་ཆེན་པོ་བབས་ཤིང་། ཆུ་ཚོད་གསུམ་གྱི་རིང་ལ་ཆར་བ་འབབ་ཚད་དང་ཉིན་གཅིག་གི་ཆར་བ་འབབ་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པ་རེད། ཆེད་མཁས་པས་ད་ལྟ་ནི་རྙོག་དྲ་ཅན་གྱི་ས་གཤིས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་མིན་གྱི་སྔོན་དཔག་བྱེད་པ་ནི་འཛམ་གླིང་གི་དཀའ་ངལ་ཅིག་རེད་ཅེས་བསྟན་པ་རེད།
          ཐེངས་འདིའི་དྲག་ཆར་འབབ་ཤུགས་ཆེ་ལ། དུས་ཡུན་རིང་བ། བབས་ཚད་ཆེ་བ་རེད། དྲག་ཆར་སྤྲིན་ཚོམ་གྱི་ལམ་ཐིག་དང་འགྱུར་ལྡོག་གནས་ཚུལ་ལ་གཞིགས་ན། གྲོང་ཁྱེར་ཡོངས་སུ་ཉེན་བརྡ་རིམ་པ་མི་འདྲ་བཏང་ཡོད་ལ། ཁུལ་མང་ཤོས་ཤིག་ཏུ་དམར་མདོག་ཅན་གྱི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
          ཐེངས་འདིའི་དྲག་ཆར་ཆེན་པོ་བབས་པ་ནི་ལོ་རྒྱུས་ཐོག་བྱུང་ཉུང་བ་ཞིག་རེད་ལ། དྲག་ཆར་མ་བབ་གོང་གི་ཉེན་ཁའི་ཚུལ་ཡང་མངོན་གསལ་མིན་པ་རེད། ཀོང་ཏུང་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་དབྱེ་ཞིབ་རགས་ཙམ་བྱས་པ་ལྟར་ན། དྲག་ཆར་འབྱུང་རྐྱེན་གཙོ་བོ་ནི་མཚོ་ངོས་ཀྱི་ཤར་ཕྱོགས་དང་ལྷོ་ཕྱོགས་སུ་བྱུང་བའི་བརླན་བཤེར་མཁའ་རླངས་གློ་བུར་དུ་བྱང་ཕྱོགས་ལ་འཁོར་ནས་ཀོང་ཀྲོའུ་བྱང་རྒྱུད་ཀྱི་མཁའ་དབྱིངས་སུ་འདུས་པ་ལས། ལོ་རྒྱུས་ཐོག་བྱུང་ཉུང་བའི་དྲག་ཆར་ཆེན་པོ་འདི་ཉིད་བབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།