འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་བཀའ་མ་ལོག་རྫོང་དུ་མོ་ཊ་གཉིས་གདོང་ཐུག་བརྒྱབ་ནས་མི་9ལ་
    རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་བཀའ་མ་ལོག་རྫོང་དུ་མོ་ཊ་གཉིས་གདོང་ཐུག་བརྒྱབ་ནས་མི་9ལ་
རྨས་སྐྱོན་ཕོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག་ནས་ར་སྤྲོད་བྱས་པར། ཚེས་6ཉིན་གྱི་ཕྱི་དྲོར་བཀའ་མ་ལོག་རྫོང་གི་ཁྲོན་ཏཱ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་S201(བཀའ་མ་ལོག་རྫོང་གི་ཁྲོན་ཁོའུ་གྲོང་རྡལ་ནས་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་བར་གྱི་ཏཱ་ཅ་ཧོ་གྲོང་རྡལ་བར་)གི་སྨི་K182+520ཡི་མཚམས་སུ་མོ་ཊ་གཉིས་གདོང་ཐུག་བརྒྱབ་ནས་མི་9ལ་རྨས་སྐྱོན་ཕོག་པ་རེད། མིག་སྔར། རྨས་སྐྱོན་ཕོག་མཁན་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
         ཉིན་དེའི་ཆུ་ཚོད་16དང་སྐར་མ་7ཐོག མེ་གསོད་རོགས་སྐྱོབ་མི་སྣ་དོན་རྐྱེན་བྱུང་ཡུལ་དངོས་སུ་འབྱོར་བ་དང་། ཡུལ་དངོས་སུ་རྩད་ཞིབ་དང་འདྲི་རྩད་བྱས་པ་བརྒྱུད། མཚོ་སྔོན་གྱི་འཁོར་བྱང་Aཡིན་པའི་པུན་ཁྲི་(奔驰)མོ་ཊ་ཞིག་དང་མཚོ་སྔོན་གྱི་འཁོར་བྱང་Bཡིན་པའི་ཧྥེང་ཐེན་(丰田)མོ་ཊ་ཞིག་གདོང་ཐུག་བརྒྱབ་པ་དང་། མོ་ཊ་གཉིས་ལ་ཚད་མི་འདྲ་བའི་སྐྱོན་ཤོར་ཞིང་། མོ་ཊ་ཡི་མགོའི་དབྱིབས་འགྱུར་བ་ཚབས་ཆེན་ཤོར་ཡོད་པ་དང་། ས་ངོས་གང་ས་གང་དུ་མོ་ཊའི་ལྷུ་ལག་ཐོར་ཡོད་པ་རེད།
         ངོ་སྤྲོད་བྱས་པ་ལྟར་ན། ཧྥེང་ཐེན་མོ་ཊའི་ཁ་ལོ་བའི་རྐང་པ་གཉིས་ཁ་ལོ་སྒྱུར་ཁང་ནང་དུ་འགགས་ནས་སྒུལ་མི་ཐུབ་པ་གྱུར་ཡོད་པས། ཨ་ར་ཨ་ཚ་ཆད་མེད་འབོད་ཀྱི་ཡོད་པ་རེད།
         དོན་རྐྱེན་བྱུང་ས་དངོས་དང་མོ་ཊ་ནང་འགགས་པའི་མི་སྣའི་གནས་ཚུལ་དངོས་ལ་གཞིགས་ན། འགྲིམ་འགྲུལ་ཉེན་རྟོག་པ་དང་། ལམ་སྲིད་སོགས་སྡེ་ཁག་གིས་མགྱོགས་མྱུར་དུ་དོན་རྐྱེན་བྱུང་ས་ལམ་མཚམས་སུ་ཉེན་ཟོན་བྱས་པ་དང་རླངས་འཁོར་ཁ་གྲམ་དུ་བཏང་ནས་སླར་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱས་ཤིང་། དེ་དང་དུས་མཉམ་དུ་མེ་གསོད་མྱུར་སྐྱོབ་མི་སྣས་དམིགས་བསལ་མྱུར་སྐྱོབ་ཡོ་བྱད་སྤྱད་ནས་ཧྥེང་ཐེན་མོ་ཊ་ལ་ལྷུ་བཤིག་མྱུར་སྐྱོབ་བྱས་པ་རེད།
         ཛ་དྲག་ཆེ་བའི་མྱུར་སྐྱོབ་བྱས་པ་བརྒྱུད། ཆུ་ཚོད་17དང་སྐར་མ་25ཐོག་མོ་ཊའི་ནང་འགགས་པའི་མི་སྣ་སྐྱོབ་ཐུབ་པ་དང་མྱུར་སྐྱོབ་རླངས་འཁོར་120ཐོག་བསྐྱལ་བ་རེད།
         བསྡོམས་རྩིས་བྱས་པར་ལྟར་ན། ཐེངས་འདིའི་དོན་རྐྱེན་དུ་མི་9ལ་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་པ་(དེའི་ཁྲོད་དུ་བྱིས་པ་མི་3ཡོད་པ་རེད)དང་།  རྨས་སྐྱོན་ཕོག་པའི་མི་སྣ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། དོན་རྐྱེན་འབྱུང་རྐྱེན་བརྟག་དཔྱད་མུ་མཐུད་བྱེད་བཞིན་ཡོད་པ་རེད།
    ༄༅།།མཚོ་སྔོན་ཞིང་ཆེན་བཀའ་མ་ལོག་རྫོང་དུ་མོ་ཊ་གཉིས་གདོང་ཐུག་བརྒྱབ་ནས་མི་9ལ་
རྨས་སྐྱོན་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།