འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་ཚུགས་པའི་དུས་སུ་ཧུའུ་ལུན་པེའར་གྱི་འབྲོག་དུད་ལ་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་ནམ་དུས་དབྱར་ཁ་ཡིན་རུང་གསར་འགོད་པ་ཧུའུ་ལུན་པེའར་གྲོང་ཁྱེར་ཨོ་ཝུན་ཁེ་རིགས་རང་སྐྱོང་ཆིར་བཅར་འདྲི་བྱེད་པར་འགྲོ་སྐབས་དྲོད་ཚད་རིམ་བཞིན་ཆག ཉིན་དགུང་ཡོལ་རྗེས་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་འགོ་ཚུགས། གངས་འབབ་ཚད་རིམ་བཞིན་ཆེ་རུ་ཕྱིན་ནས་མུའེ་སུའུ་མུའུ་ཨུ་ལན་ཐུའུ་ཀེ་ཀ་ཁྲར་འབྱོར་སྐབས་སྔོ་མདངས་རྒྱས་པའི་འབྲོག་རར་གོས་དཀར་གྱིས་བཀླུབས་ཡོད། "ཁ་བ་འདི་སྔ་ས་ནས་སྒུག་ཡོད"ང་ཚོ་ཁྱིམ་དུ་གདན་དྲངས་མཁན་ཨོ་ཝུན་ཁེ་རིགས་ཀྱི་འབྲོག་པ་བཀྲ་ལྷ་སེང་ཉི་མས་སྣང་མེད་ངང"ང་ཚོའི་འདི་གར་ནམ་དུས་འདིར་ཁ་བ་བབས་པ་ནི་རྒྱུན་གཏན་ཡིན་པས་ཡ་མཚན་སྐྱེ་དགོས་མེད། ཁ་བ་འདིས་འབྲོག་རྩྭ་སྐྱེ་རྒྱུར་ཕན་པ་ཡོད་པས། ངའི་ཡུལ་སྐོར་འབྲོག་རས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཐུབ"ཅེས་བཤད།
         བཀྲ་ལྷ་སེང་ཉི་མ་བཟའ་ཚོའི་ལས་ཀའི་ཧུར་སེམས་ཉེ་རིང་གང་སར་སྐད་གྲགས་ཡོད། ཁོང་གི་ཁྱིམ་དུ་འབྲི་གཡག་མགོ་གྲངས་80ལྷག་ཙམ་དང་ལུག་མགོ་གྲངས་700ལྷག་ཙམ་ཡོད་པ་མ་ཟད། ད་དུང་རྟ་40ལྷག་ཙམ་ཡོད། 2016ལོར་སྒོ་ཕྱུགས་བཤས་ཁོངས་སུ་བཏང་བར་སྒོར་ཁྲི་22རག་ཡོད། བཀྲ་ལྷ་སེང་ཉི་མས"ཕྱུགས་འཚོ་བ་ཕུད། 2013ལོ་ནས་བཟུང་ངེད་གཉིས་པོས་ཡུལ་སྐོར་ཚོང་དོན་སྤེལ་འགོ་བཙུགས་པས་ལོ་ལྟར་ཁེ་གཙང་ཡོང་འབབ་སྒོར་ཁྲི་20རག་གི་འདུག ད་ཆ་སོག་གུར་10ཡོད་པ་དང་ཡུལ་སྐོར་བྱེད་མང་བའི་དུས་སུ་ཡུལ་སྐོར་བ་200ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་ཀྱི་འདུག ཉེ་བའི་ལོ་གཉིས་ནང་ཐན་པ་བསྟན་པས་ན་ཁ་སྐྱེ་འཚར་ཡག་པོ་མ་བྱུང་བས་འབྲོག་ལས་ལ་ཤུགས་རྐྱེན་ཕོག་པ་མ་ཟད། ཡུལ་སྐོར་ལའང་ཤུགས་རྐྱེན་ཕོག་སོང་། དེས་ན་ང་ཚོས་འདི་ལོ་གངས་མང་ཙམ་འབབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད"ཅེས་བཤད།
          རྩྭ་ཐང་གི་འབྲོག་པར་ལྷད་མེད་ཀྱི་སེམས་པ་ཞིག་ཡོད། བཀྲ་ལྷ་སེང་ཉི་མའི་གཅེན་པོའི་བཟའ་ཟླ་ལོ་15ཡི་གོང་གྲོངས་ནས་བུ་ཕྲུག་གསུམ་པོ་མི་ཡུལ་དུ་ལུས་པ་དང་བུ་ཕྲུག་ཆེ་ཤོས་ལོ་15དང་ཆུང་ཤོས་ལོ་5ཡིན་པ་རེད། ཁོང་དང་བཟའ་ཟླས་ལུས་ལ་ནད་གཞི་ཡོད་པའི་གཅེན་པོར་ལྟ་རྟོག་བྱེད་དགོས་པ་མ་ཟད། ད་དུང་བུ་ཕྲུག་གསུམ་པོ་སྐྱོང་རོགས་བྱེད་དགོས་ཀྱི་ཡོད། ད་ཆ་ཚ་མོ་ཆེ་བ་མནའ་མར་ཕྱིན་པ་དང་ཚ་མོ་ཆུང་ཤོས་ཀྱང་པའོ་ཐའུ་གྲོང་ཁྱེར་དུ་སློབ་ཆེན་འགྲིམ་བཞིན་ཡོད། དཀའ་སྡུག་མྱངས་མྱོང་ཡོད་པའི་བཟའ་ཚོས་ད་དུང་རང་འགུལ་ངང་དུད་ཚང་དབུལ་པོ་གཉིས་དང་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་ཁོང་ཚོར་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས།
          ཨོ་ཝུན་ཁེ་རིགས་རང་སྐྱོང་ཆི་ཆི་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཀྲེ་ཏུང་གིས་ཆི་ཡོངས་སུ་ད་དུང་དུད་ཚང་836གི་མི་འབོར་དབུལ་པོ་1877ཡོད་པ་དང་ཁོང་ཚོ་དབུལ་སྒྲོལ་བྱ་ཆེད་ཆི་ཡིས་གྲོང་སྡོད་ལས་བྱེད་པ་མངགས་ནས་གནད་སྨིན་རོགས་སྐྱོར་བྱས་པ་མ་ཟད། ད་དུང་ཕྱུག་འགྱུར་སྣེ་ཁྲིད་པ་སྐུལ་སློང་གིས་ཐོན་ལས་རོགས་སྐྱོར་ཡང་འཕེལ་རྒྱས་བཏང་ཡོད་ཅེས་བཤད།
         ཁ་བ་བུ་ཡུག་ལ་མ་འཛེམས་པར་སྤྱི་ལེ་50ཙམ་བསྐྱོད་རྗེས་པ་དབྱིན་ཨུ་ལ་ཁ་ཁྲའི་ཨོ་ཝུན་ཁེ་རིགས་ཀྱི་འབྲོག་པ་སྨི་ལའི་ཁྱིམ་དུ་འབྱོར། དཀའ་སྤྱད་ལས་ལ་བརྩོན་ནས་ཕྱུག་པོར་གྱུར་བའི་སྨི་ལས་ན་ནིང་ཟླ་བཞི་པར་ཨོ་ཝུན་ཁེ་རིགས་ཀྱི་དུད་ཚང་དབུལ་པོ་43རང་ཉིད་ཀྱི་མཉམ་ལས་ཁང་ནང་ཞུགས་སུ་བཅུག་སྟེ་ཁོང་ཚོ་དབུལ་པོའི་གནས་ལས་སྒྲོལ་རྒྱུའི་སེམས་ཐག་བཅད་པ་རེད།
         "ངའི་འབྲོག་ལས་མཉམ་ལས་ཁང་གི་ཕྱུག་རྫིར་ཟླ་རེར་གླ་ཆ་སྒོར་5000ཡོད། ད་དུང་ངར་ཡུལ་སྐོར་ས་ཚིགས་ཤིག་དང་ཐོན་ལས་གཞན་དག་ཡོད། ངས་ཁོང་ཚོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན"ཞེས་སྨི་ལས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
         གུར་གྱི་ཕྱི་རོལ་དུ་ད་དུང་ཁ་བ་འབབ་བཞིན་འདུག ཨོ་ཝུན་ཁེ་རིགས་རང་སྐྱོང་ཆི་ཧུའེ་སུའུ་མུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་ཅི་ཡས"སྔོན་ཆད་ཁ་བ་བུ་ཡུག་ཚུགས་སྐབས་ནོར་ལུག་འཁྱག་ཤི་ཐེབས་ཀྱི་ཡོད། ད་ཆ་རྒྱལ་ཁབ་ཀྱི་ཁ་གསབ་འོག་འབྲོག་དུད་སྐྱོ་ཤོས་ལའང་ཚད་དང་ལྡན་པའི་དྲོད་ལྡན་ལྷས་ར་བསྐྲུན་ཡོད་སྟབས། གྲང་ངར་ཆེ་བའི་བུ་ཡུག་ལ་ཞེད་ཀྱི་མི་འདུག"ཅེས་བཤད་ཅིང་། ཁོང་གིས"དུས་ཚིགས་འདི་ནི་ང་ཚོའི་འདི་གར་ལུ་གུ་སྐྱེ་བའི་ནམ་དུས་ཡིན། ད་ལོའི་དཔྱིད་ཀར་ངའི་མཉམ་ལས་ཁང་དུ་ལུ་གུ་800ལྷག་ཙམ་སྐྱེས་སོང་། སང་ཉིན་ནི་ང་ཚོ་ཨོ་ཝུན་ཁེའི་དཀར་ཆུ་ལེགས་པའི་དུས་ཆེན་ཡིན་པས་ཁྱེད་ཚོ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན"ཞེས་བཤད།
         དུས་ཐོག་འབབ་པའི་ཁ་བ་ནི་དཀར་ཆུ་ལེགས་པའི་སྔ་ལྟས་བཟང་པོ་ཡིན། མ་འོངས་པའི་ལམ་ཁར་མུ་མཐའ་མེད་པའི་རྩྭ་ཐང་སྟེང་འབྲོག་པ་ཚོས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བར་ཅི་དགར་རོལ་རྒྱུའི་ཕྱོགས་སུ་འབད་དེ་མཉམ་དུ་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་ནས་འབྲོག་དུད་གཅིག་ཀྱང་མ་ལུས་པ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།