འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཆོས་དབྱིངས་སྐྱིད་དང་མཉམ་དུ་མཚོ་བོད་ས་མཐོར་རྒྱུག་ཤར་གློད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ཉིན་ཤས་རིང་སྤྲིན་ཆར་བབས་རྗེས་མཚོ་བོད་ས་མཐོའི་ཟི་ལིང་གྲོང་ཁྱེར་གྱི་གནམ་དྭངས་པ་དང་བསྟུན་དེ་གར་རྒྱུག་ཤར་གློད་པ་དེས་ཀུན་གྱི་ཡིད་དབང་འཕྲོག་ཡོད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་པའི"ཐཱན་ཡུའུ་བདེའི་ནས་ཆང་བུམ་པའི"བྱེད་སྒོ་དེ་ཟི་ལིང་མཚོ་མཚེའུ་ཁུལ་གསར་དུ་སྤེལ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་བྱེད་སྒོའི་རྒྱུག་ཤར་སྣེ་ཁྲིད་པ་ནི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་གྲགས་ཅན་ལུས་རྩལ་པ་ལོན་ཏོན་ཨའོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲོ་རྩལ་འགྲན་བསྡུར་ནང་དངུལ་གྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་རེད།
         བྱེད་སྒོ་འགོ་ཚུགས་མ་ཐག་རྒྱུག་ཤར་གློད་མཁན་མང་པོ་ཞིག་གིས་ཆོས་དབྱིངས་སྐྱིད་ཀྱི་རྗེས་སུ་འབྲངས་ཡོད། ཟི་ལིང་གྲོང་ཁྱེར་ནས་ཡོང་བའི་མཆོང་རྒྱུག་འཕེན་གསུམ་ལ་དགའ་པོ་ཡོད་མཁན་ཀྲའོ་ཝུན་ཁུའེ་ཡིས"ཨའོ་རྩལ་བདམས་ཐོན་པ་དང་མཉམ་དུ་རྒྱུག་ཤར་གློད་རྒྱུ་བྱུང་ན་ཧ་ཅང་དགའ་པོ་འདུག འགྲོ་རྩལ་འགྲན་བསྡུར་ཐོག་ཆོས་དབྱིངས་སྐྱིད་ཀྱི་ཕམ་པར་མི་སྐྲག་པའི་སྙིང་སྟོབས་ལས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་བས་ཁོང་ནི་ང་ཚོ་རྒྱུག་ཤར་གློད་པའི་སྒུལ་ཤུགས་ཡིན"ཞེས་བརྗོད་བྱུང་།
          བྱེད་སྒོ་གཙོ་གཉེར་བྱེད་མཁན་ཕྱོགས་ཀྱིས་གོང་ཚེས་ཉིན་རྒྱུག་ཤར་གློད་པའི་བྱེད་སྒོའི་ནང་ཞུགས་མཁན་མི་གྲངས་876ཟིན་ཡོད་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་5ཡོད། འགྲན་ཞུགས་པ་མང་པོ་ཞིག་ནི"ཁྱིམ་མི་མཉམ་ཞུགས"ཡིན་པས་ཁོང་ཚོས་རྒྱུག་ཤར་གློད་ནས་གཟའ་མཇུག་གི་སྤྲོ་སྣང་འཕེལ་བར་བྱེད་ཀྱི་ཡོད།
         ལོ་41ལ་སླེབས་པའི་ཧུའུ་ཧའེ་ཧྥུང་གིས་ཀུན་གྱི་མདུན་དུ་རྒྱུག་ཤར་གློད་ནས་ཁོང་གིས་ལོ་10ལ་སོན་པའི་བུ་མོ་ཧུའུ་ཧུའེ་ཏན་གྱིས་རྒྱུག་ཤར་རྒྱུན་མི་ཆད་པར་གློད་རྒྱུའི་ལྕག་སྐུལ་གཏོང་གི་ཡོད། ཧུའུ་ཧའེ་ཧྥུང་གིས་གསར་འགོད་པར་རྟག་ཏུ་གཟའ་མཇུག་དང་དབྱར་དགུན་གུང་གསེང་སྐབས་བུ་མོ་ཁྲིད་དེ་རྐང་ཐང་མར་འགྲོ་བའམ་ཡང་ན་རྐང་འཁོར་བཞོན་པ་སོགས་ཀྱི་བྱེས་བགྲོད་ལུས་རྩལ་ནང་ཞུགས་ཏེ་ཁོང་གིས་ཕྲུ་གུར་ལུས་རྩལ་ཁྲོད་ནས་འཚོ་བའི་སྤྲོ་སྣང་འཕེལ་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།
         ད་ཐེངས་ཀྱི་བྱེད་སྒོའི་ནང་ཨུ་རུ་སུ་དང་ཡེ་མེན་སོགས་རྒྱལ་ཁབ་ནས་ཡོང་བའི་ཕྱི་སྦྱོང་སློབ་མ་མང་པོ་ཞུགས་ཡོད། ཡེ་མེན་ནས་ཡོང་བའི་མོ་ཨན་ནི་མཚོ་སྔོན་མི་རིགས་སློབ་ཆེན་རྒྱའི་སྐད་ཡིག་ཆེད་ལས་ཀྱི་ཕྱི་སྦྱོང་སློབ་མ་ཡིན་ཞིང་། ཁོང་གིས་མཚོ་སྔོན་དུ་བྱེད་སྒོ་དེ་ལྟ་བུའི་ནང་ཞུགས་རྒྱུ་བྱུང་བར་དོན་སྙིང་ཆེན་པོ་ལྡན་འདུག ལུས་རྩལ་བྱེད་སྒོ་བརྒྱུད་དེ་ཀྲུང་གོའི་གྲོགས་པོ་དེ་བས་མང་བ་ངོ་ཤེས་བཏང་ནས་ཀྲུང་གོའི་རིག་གནས་ཉམས་སུ་མྱོང་རྒྱུའི་རེ་བ་ཡོད་ཅེས་བཤད་བྱུང་། སྤྱི་ལེ་5ཡི་རྒྱུག་ཤར་གློད་མཇུག་འགྲིལ་རྗེས་མོ་ཨན་དང་རོགས་པ་ཚོ་སྔར་བཞིན་དགའ་སྤྲོ་འཁོལ་བའི་སྒོ་ནས་ས་གནས་ས་ཐོག་གི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཁོང་ཚོས་ཕ་ཡུལ་གྱི་ཞབས་བྲོ་འཁྲབ་པ་རེད།
         "ངའི་བསམ་པར་རྒྱུག་ཤར་གློད་མཁན་ཚང་མ་བདེ་སྐྱིད་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཁོང་ཚོས་རྒྱུན་ཆད་མེད་པར་རང་ཉིད་ལ་འགྲན་སློང་བྱེད་པ་དང་ཆབས་ཅིག་མཇུག་གནས་ལ་སླེབས་རྒྱུའི་སྤྲོ་སྣང་ཡང་འཕེལ་བ་བྱེད་ཀྱི་ཡོད། ཀྲུང་གོ་བ་དེ་བས་མང་བས་རྒྱུག་ཤར་གློད་རྒྱུར་དགའ་པོ་བྱེད་པ་དང་ལུས་རྩལ་ལ་དགའ་པོ་བྱ་རྒྱུའི་རེ་བ་ཡོད"ཅེས་ཆོས་དབྱིངས་སྐྱིད་ཀྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།