འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཡུན་ལོ་3གྱི་གློག་ཤུགས་མེ་སྐྱོན་ཕྱོགས་བསྡུས་བཅོས་སྒྲིག་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གློག་ཤུགས་ཀྱི་མེ་སྐྱོན་ཕྱོགས་བསྡུས་བཅོས་སྒྲིག་ལས་ཀའི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཚེས་3ཉིན་ནས་2020ལོའི་ཟླ་4པའི་བར་རྒྱལ་སྲིད་སྤྱི་ཁབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་རྒྱལ་ཡོངས་སུ་དུས་ཡུན་ལོ་3གྱི་གློག་ཤུགས་མེ་སྐྱོན་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཐོན་སྐྱེད་འཁོར་རྒྱུག་ཁྱབ་ཁོངས་ཀྱི་གློག་ཆས་ཐོན་རྫས་ཀྱི་སྤུས་ཚད་གནད་དོན་དང་འཛུགས་སྐྲུན་ལས་གྲྭའི་ཁྱབ་ཁོངས་ཀྱི་གློག་ཤུགས་གནད་དོན་དང་། དེ་བཞིན་གློག་ཆས་ཐོན་རྫས་བེད་སྤྱོད་དོ་དམ་ཁྱབ་ཁོངས་ཀྱི་གནད་དོན་སོགས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་ལོ་དྲུག་རིང་རང་རྒྱལ་དུ་གློག་ཤུགས་མེ་སྐྱོན་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་མེ་སྐྱོན་བསྡོམས་འབོར་གྱི་30%ཡན་བཟུང་བ་དང་། རྨས་སྐྱོན་ཕོག་ཚད་ཀྱིས་རྒྱལ་ཡོངས་ཀྱི་མེ་སྐྱོན་རྨས་སྐྱོན་བསྡོམས་འབོར་གྱི་33%ཡན་བཟུང་བས་དེའི་རིང་ཐོན་པའི་མེ་སྐྱོན་ཚབས་ཆེན་24ཡི་ནང་གློག་ཤུགས་ཀྱི་མེ་སྐྱོན་17ཡོད་པ་རེད། ཚད་གཞི་མི་ལོན་པའི་གློག་ཤུགས་ཐོན་རྫས་ཀྱི་ཐོན་སྐྱེད་ཕྱིར་ཚོང་གནས་ཚུལ་ཚབས་ཆེ་བ་དང་། འཛུགས་སྐྲུན་ལས་གྲྭའི་གློག་ཤུགས་ཇུས་འགོད་ཨར་ལས་ཀྱི་ཚད་གཞི་དང་མི་མཐུན་པ། གློག་ཆས་ཐོན་རྫས་དང་དེ་བཞིན་གློག་སྐུད་སྲུང་སྐྱོང་དོ་དམ་བྱེད་ཚད་མི་འདང་བ། གློག་ཤུགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་མེད་པ་སོགས་ནི་མིག་སྔའི་གློག་ཤུགས་ཁྱབ་ཁོངས་ལ་འཕྲད་པའི་གནད་དོན་གཙོ་བོ་དེ་རེད།
         བཀོད་སྒྲིག་བྱས་པ་གཞིར་བཟུང་། ད་ཐེངས་ཀྱི་བྱ་སྤྱོད་ནང་གློག་ཤུགས་ཐོན་རྫས་ཀྱི་ཐོན་སྐྱེད་སྤུས་ཚད་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུ་ཡིན་པ་དང་། གློག་ཆས་ཐོན་རྫས་ཐོན་སྐྱེད་ཁེ་ལས་ཀྱིས་བདེན་དཔང་བྱས་པའི་དོ་དམ་དོན་འཁྱོལ་ནན་ཏན་བྱས་ཏེ་ལག་ཁྱེར་མེད་པར་ཁྲིམས་འགལ་ཐོན་སྐྱེད་བྱེད་མཁན་དང་། ཚད་གཞིར་མི་གཞིགས་པའམ་ཡང་ན་ཚད་གཞི་དམའ་རུ་བཏང་ནས་ཐོན་སྐྱེད་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པ་དང་། འཛུགས་སྐྲུན་ལས་གྲྭའི་གློག་ཤུགས་ཇུས་འགོད་ཀྱི་ཨར་ལས་བཅོས་སྒྲིག་བྱས་ནས་གློག་ཤུགས་ཇུས་འགོད་ཚད་གཞི་དང་མི་མཐུན་པ་དང་། གློག་ཤུགས་ཀྱི་ཨར་ལས་སྤུས་ཚད་ཀྱི་གནད་དོན་ལས་མེ་སྐྱོན་ཐོན་པར་འཆར་འགོད་དང་། ཨར་སྐྲུན། ལྟ་སྐུལ་དོ་དམ་སོགས་ཚན་པའི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་ནན་པོ་བྱ་རྒྱུ་ཡིན་པ་དང་། གློག་ཆས་ཐོན་རྫས་བེད་སྤྱོད་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གློག་སྐུད་ཡག་པོ་མི་བསྒར་བ་དང་། གློག་སྤྱོད་ཀྱི་ཐེག་ཚད་ལས་བརྒལ་བ། གློག་སྐུད་གང་བྱུང་དུ་འཁྲིད་པ། "མེད་པ་གསུམ"གྱི་གློག་ཆས་སྤྱོད་པ། གློག་ལས་བཟོ་པར་ལག་ཁྱེར་མེད་པར་ལས་གནས་ཐོག་སྐྱོད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།