འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ལྟར་ཁྱིམ་ཚང་ཁྲི་300ཙམ་གྱི་བུ་ཕྲུག་སློབ་གྲྭ་ཆེ་མོར་བསྐྱོད་པའི་བསམ་འདུན་ལས་རིགས་
    སློབ་གསོ་བརྒྱུད་འགྲུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་གྱི་སྔ་དྲོ་སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཉེ་དུས་ལས་རིགས་སློབ་གསོ་སྒྱུར་བཅོས་བྱ་ཚུལ་དང་འཕེལ་རྒྱས་གཏོང་ཚུལ་དང་དེ་བཞིན་2017ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སློབ་གསོ་པུའི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་སི་ཀྲང་ཝང་ཅིས་ཕིང་གིས་རང་རྒྱལ་དུ་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་ཅིག་ཆགས་ཤིང་། འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཐོ་རིམ་ལས་རིགས་སློབ་གྲྭས་རང་རྒྱལ་གྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་དང་སྤྱིར་བཏང་མཐོ་རིམ་སློབ་གསོའི“རྒྱལ་ཁམས་ཕྱེད་ཀ”བཟུང་བ་དང་ལོ་ལྟར་ཁྱིམ་ཚང་ཁྲི་300ཙམ་གྱི་བུ་ཕྲུག་སློབ་གྲྭ་ཆེ་མོར་བསྐྱོད་པའི་བསམ་འདུན་ལས་རིགས་སློབ་གསོ་བརྒྱུད་འགྲུབ་ཀྱི་ཡོད་ཅེས་བཤད་པ་རེད།
          ཝང་ཅིས་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ཚད་མཐོའི་མཐོང་ཆེན་འོག་རང་རྒྱལ་གྱི་ལས་རིགས་སློབ་གསོའི“དུས་སྐབས་ཡག་ཤོས”ཤར་ཞིང་། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་གི་སྒྲོམ་གཞི་རྩ་བའི་ཆ་ནས་ཆགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རགས་ཙམ་ཆགས་པ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་གསར་པ་བྱུང་བ་མ་ཟད། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་ཤེས་ལྡན་པ་གཞི་རྒྱ་ཆེན་པོས་གསོ་སྐྱོང་བྱེད་པའི་ནུས་པའང་རྩ་བའི་ཆ་ནས་ལྡན་ཡོད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་རྒྱལ་ཡོངས་སུ་ཁྱོན་ལས་རིགས་སློབ་གླིང་དང་སློབ་གྲྭ་ཁྲི་1.23ཡོད་པ་དང་། ལོ་འདིར་སློབ་མ་ཁྲི་930.78བསྡུས་པ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་2680.21ཡོད་པ། ལོ་ལྟར་གསོ་སྦྱོང་ལས་དོན་སྣ་ཚོགས་སྤེལ་ནས་མི་ཐེངས་དུང་ཕྱུར་ལྷག་ཙམ་གསོ་སྦྱོང་བྱེད་ཀྱི་ཡོད། ལས་རིགས་སློབ་གླིང་དང་སློབ་གྲྭར་ཁྱོན་ཆེད་ལས་1000ཙམ་དང་ཆེད་ལས་སློབ་ཁྲིད་ས་ཚིགས་ཁྲི་10ཙམ་བཀོད་སྒྲིག་བྱས་པའི་ནང་རྒྱལ་དམངས་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་ཚང་མ་སྤྱིར་ན་ཚུད་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ་ནས་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ་དང་། མཐོ་རིམ་ལས་རིགས་སློབ་གྲྭ་ནས་ཐོན་པའི་སློབ་མ་ལོ་ཕྱེད་སོང་རྗེས་ལས་ཞུགས་ཐུབ་ཚད་90%ལས་བརྒལ་བ། ལས་ཞུགས་སྤུས་ཚད་མུ་མཐུད་མཐོ་པོ་བྱུང་བ། ལས་རིགས་སློབ་གླིང་དང་སློབ་གྲྭ་ནས་ཐོན་པའི་སློབ་མ་70%ཙམ་རྫོང་དང་གྲོང་ཁྱེར་ཐག་གང་ཉེ་སར་ལས་ཞུགས་ཐུབ་ནས་ཁེ་ལས་འབྲིང་ཆུང་མཉམ་རུབ་འཕེལ་རྒྱས་གཏོང་བ་དང་ཁུལ་ཁོངས་ཐོན་ལས་རིམ་པ་འབྲིང་མཐོའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།
         རང་རྒྱལ་གྱི་ལས་རིགས་སློབ་གསོར་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་ལ་རྒྱུན་མཐུད་འཕེལ་རྒྱས་དང་དྲང་གཞག་ལ་ཡར་སྐུལ་གྱི་ནུས་པའང་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། 2015ལོའི་རང་རྒྱལ་གྱི་ལས་རིགས་སློབ་གསོའི་ནོར་སྲིད་རང་བཞིན་གྱི་གྲོན་དངུལ་སྒོར་དུང་ཕྱུར་2950ཟིན་པ་དེ་2010ལོ་ལས་སྒོར་དུང་ཕྱུར་1490མང་དུ་སོང་བ་དང་། 102.1%འཕར་བ། ལོར་ཆ་སྙོམས་15.1%འཕར་ཡོད། རྒྱལ་ཁབ་ཀྱིས་འདུ་འགོད་གལ་ཆེན་མང་དག་ཅིག་ལག་ལེན་བསྟར་ཏེ་རྐང་འཛིན་སློབ་གྲྭ་དང་། ཆེད་ལས། དགེ་རྒན་བཅས་ཁག་གཅིག་གསོ་སྦྱོང་བྱས་པས་སློབ་གཉེར་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། འབྲིང་རིམ་ལས་རིགས་སློབ་གྲྭས་སློབ་ཡོན་རྩ་ཆག་གཏོང་ཚད་དང་སློབ་སྐྱོར་རོགས་དངུལ་སྤྲོད་ཚད་90%དང་40%སོ་སོ་ཟིན་པ་དང་མཐོ་རིམ་ལས་རིགས་སློབ་གྲྭས་སྦྱང་འབྲས་ལེགས་ཐོན་བྱ་དགའི་དངུལ་སྤྲོད་ཚད་དང་སློབ་སྐྱོར་རོགས་དངུལ་སྤྲོད་ཚད་30%དང་25%སོ་སོ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།