མི་དམངས་དྲ་བ།

༄༅།།2016ལོའི་ཀྲུང་གོའི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡོངས་བསྒྲགས་བྱས་པའི་《2106ལོའི་ཀྲུང་གོའི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་སྤྱི་བསྒྲགས་》ནང་ས་ཆའི་ཐོན་ཁུངས་དང་། གཏེར་ཁའི་ཐོན་ཁུངས། རྒྱ་མཚོའི་ཐོན་ཁུངས། ས་གཤིས་བརྟག་དཔྱད། ས་གཤིས་ཁོར་ཡུག རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཀྱི་ཁྲིམས་འཛིན། ཚན་རྩལ་དང་ཤེས་ལྡན་མི་སྣ། ཚད་འཇལ་རིས་འབྲི་དང་ས་ཁམས་ཆ་འཕྲིན་བཅས་ཕྱོགས་བརྒྱད་ནས་2016ལོའི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ལས་དོན་ལ་ཕྱོགས་ཡོངས་ནས་བཤེར་འབེབས་བྱས་ཡོད་པ་རེད།
      《སྤྱི་བསྒྲགས་》ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་13495.66ཟིན་པ་དང་། 2015ལོར་རྒྱལ་ཡོངས་སུ་འཛུགས་སྐྲུན་གྱི་རྐྱེན་པས་བཟུང་སྤྱོད་དང་། རང་བྱུང་གནོད་འཚེའི་གཏོར་བཤིག སྣོད་བཅུད་རྨོ་བསྐྱུར། ཞིང་ལས་གྲུབ་ཆ་ལེགས་སྒྲིག་སོགས་དབང་གིས་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་33.65ཉུང་དུ་ཕྱིན་ཡོད་པ་དང་། ས་ཆ་བཅོས་སྒྲིག་དང་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་སོགས་བརྒྱུད་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་29.30མང་དུ་ཕྱིན་ནས། ལོ་འཁོར་ནང་རྨོ་ཞིང་ཁོ་ན་རྒྱ་ཁྱོན་སྤྱི་ཆིང་ཁྲི་4.35ཉུང་དུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་འཛུགས་སྐྲུན་ས་སྤྱོད་རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི་3906.82ཟིན་པ་དང་འཛུགས་སྐུན་ས་སྤྱོད་སྤྱི་ཆིང་ཁྲི་51.97གསར་འཕར་བྱུང་ཡོད། 2016ལོ་ཧྲིལ་པོར་ས་ཆ་བཅོས་སྒྲིག་གི་རྣམ་གྲངས་13406སྤེལ་བ་དང་འབྲེལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་། འཛུགས་སྐྲུན་གྱི་སྤྱིའི་གཞི་ཁྱོན་ལ་སྤྱི་ཆིང་ཁྲི་333.73ཟིན་པ་དང་རྨོ་ཞིང་སྤྱི་ཆིང་ཁྲི་17.58གསར་འཕར་བྱུང་བར་མ་དངུལ་གཏོང་འབོར་སྒོར་དུང་ཕྱུར་618.75ཟིན་ཡོད།
     2016ལོར་རྒྱལ་ཡོངས་སུ་གཏེར་ཁ་ཐོན་ཡུལ་ཁག་156གསར་རྙེད་བྱུང་ཡོད་པའི་ནང་སྣུམ་རླངས་གཏེར་ཁ་ཐོན་ཡུལ་ཁག་22དང་། སྣུམ་རླངས་མིན་པའི་གཏེར་ཁ་ཐོན་ཡུལ་ཁག་134ཡོད་ལ། རྡོ་སོལ་དང་། ཏི་ཚའི་གཏེར། གསེར་གཏེར། ལིན་གཏེར་སོགས་གཏེར་ཁ་གལ་ཆེན་ཚང་མར་གསར་དུ་རྩད་ཆོད་པའི་ཐོན་ཁུངས་གསོག་ཚད་མང་པོ་ཡོད་པ་རེད།