མི་དམངས་དྲ་བ།

༄༅།།རང་རྒྱལ་གྱིས་རྒྱལ་ཡོངས་ས་གནས་ཁག་གི་ཁེ་བེད་བདག་ཐོབ་སྤུས་ཚད་ལ་གདེང་འཇོག་
ཐེངས་དང་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཤེས་བྱ་བདག་དབང་ཅུས་ཁེ་བེད་བདག་ཐོབ་དོ་དམ་སི་དང་ཤེས་བྱའི་བདག་དབང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་ཉིན་ཤས་གོང་ཕྱི་ཕྱོགས་སུ་《2016ལོའི་རྒྱལ་ཡོངས་ཁེ་བེད་བདག་ཐོབ་ཀྱི་སྟོབས་ཤུགས་གནས་ཚུལ་སྙན་ཞུ་》(གཤམ་དུ་《སྙན་ཞུ་》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དེ་ནི་ལོ་འཁོར་གྱི་ཁེ་བེད་བདག་ཐོབ་ཀྱི་སྟོབས་ཤུགས་སྙན་ཞུ་ཁྱབ་བསྒྲགས་བྱེད་ཐེངས་དྲུག་པ་དེ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་གིས་སྔར་བས་ཁེ་བེད་བདག་ཐོབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱ་ཆེད་《སྙན་ཞུའི་》ནང་རྒྱལ་ཡོངས་ས་གནས་ཁག་གི་ཁེ་བེད་བདག་ཐོབ་སྤུས་ཚད་ལ་གདེང་འཇོག་ཐེངས་དང་པོ་བྱས་ཡོད།
      《སྙན་ཞུའི་》ནང་མངོན་པར། 2016ལོར་རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཤེས་བྱའི་བདག་དབང་ལ་བརྟེན་ནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན་ལས་དོན་ཁག་ལ་གལ་ཆེའི་འཕེལ་རིམ་གསར་པ་ཐོབ་ཡོད། 2016ལོར་རྒྱལ་ཡོངས་ཀྱི་ཁེ་བེད་བདག་ཐོབ་ཕྱོགས་བསྡུས་སྟོབས་ཤུགས་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཀོང་ཏུང་དང་། པེ་ཅིང་། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཧྲང་ཧའེ། ཧུའུ་ནན། ཁྲུང་ཆིང་། ཨན་ཧུའེ། སི་ཁྲོན་བཅས་རྒྱལ་ཡོངས་ཀྱི་ཁེ་བེད་བདག་ཐོབ་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་བང་རིམ་ནང་མདུན་གྱི་ཨང་བཅུ་པར་སླེབས་ཤིང་། དེའི་ནང་ཀོང་ཏུང་དང་། པེ་ཅིང་། ཅང་སུའུ་བཅས་ཤར་རྒྱུད་ས་ཁུལ་གྱི་ཁེ་བེད་བདག་ཐོབ་ཕྱོགས་བསྡུས་སྟོབས་ཤུགས་བང་རིམ་ཀ་པ་གསུམ་པར་སླེབས་ཡོད། ཧུའུ་ནན་དང་། ཨན་ཧུའེ། ཧུའུ་པེ་བཅས་དབུས་རྒྱུད་དང་བྱང་ཤར་ས་ཁུལ་མདུན་གྱི་ཨང་གསུམ་པར་སླེབས་པ། ཁྲུང་ཆིང་དང་། སི་ཁྲོན། ཧྲའན་ཤིས་བཅས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྱི་ཨང་གསུམ་པར་སླེབས་ཡོད། ཤེས་བྱའི་བདག་དབང་སྟོབས་ཆེའི་ཞིང་ཆེན་གྱི་ཚོད་ལྟའི་ལས་དོན་ཐད་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་ཐོན་ཡོད་པ་དང་ཀོང་ཏུང་དང་། ཅང་སུའུ། ཧྲང་ཧའེ། སི་ཁྲོན་བཅས་ཀྱིས་སྣེ་ཁྲིད་རྣམ་པའི་ཤེས་བྱའི་བདག་དབང་སྟོབས་ཆེའི་ཞིང་ཆེན་དང་ཚོད་ལྟའི་ཞིང་ཆེན་གྱི་དཔེ་སྟོན་ཁྲིད་སྟོན་ནུས་པ་གང་ལེགས་ཐུབ་པ་བྱུང་ནས་ལས་དོན་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། འདེགས་སྐྱོར་རྣམ་པའི་ཤེས་བྱའི་བདག་དབང་གི་སྟོབས་ཆེན་ཞིང་ཆེན་དང་ཚོད་ལྟའི་ཞིང་ཆེན་ནང་ཧྲན་ཏུང་དང་ཧུའུ་ནན་རྒྱལ་ཡོངས་ཀྱི་བང་རིམ་གྱི་མདུན་གྲལ་དུ་སླེབས་ཡོད་པ་དང་ཧྲའན་ཤིས་དང་། ཁྲུང་ཆིང་། ཕུའུ་ཅན། ཧོ་ནན་བཅས་ཀྱི་ཁེ་བེད་བདག་ཐོབ་གསར་གཏོད་དང་། བཀོལ་སྤྱོད། དོ་དམ། ཞབས་ཞུ་བཅས་ཀྱི་གནས་ཚུལ་ཡག་པོ་ཡོད་པ་རེད། ཀོང་ཤིས་དང་། ཀན་སུའུ། ཅང་ཤིས་སོགས་ཁྱད་ལྡན་རྣམ་པའི་ཤེས་བྱའི་བདག་དབང་གི་སྟོབས་ཆེའི་ཞིང་ཆེན་དང་ཚོད་ལྟའི་ཞིང་ཆེན་ལ་ཁེ་བེད་བདག་ཐོབ་སྲུང་སྐྱོང་དང་དོ་དམ་སོགས་ཐད་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།