འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ལོ་སྟོད་དུ“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི”སྒྲོམ་གཞིའི་འཆར་ཟིན་གྲོས་
    མོལ་ལེགས་གྲུབ་ཡོང་རེ་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་འབྲེལ་ཡོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་ཀྱི་གནད་དོན་སྐོར་ལན་བསྐྱོན་སྐབས་ལྷོ་རྒྱ་མཚོའི་གནད་དོན་ཐད་དབུ་ཚོགས་ཀྱི་ཀྲུའུ་ཞིས་ཞིབ་གླེང་བྱས་པར་དོ་སྣང་བྱུང་། ལས་ཀའི་འཆར་གཞི་ལྟར་ན། འདི་ལོ་ལོ་སྟོད་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི”སྒྲོམ་གཞིའི་འཆར་ཟིན་གྱི་གྲོས་མོལ་ལེགས་གྲུབ་ཟིན་རྒྱུ་རེད་ཅེས་བརྗོད་པ་རེད།
          དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་དྲིས་དོན། ཟླ་4ཚེས་29ཉིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དབུ་ཚོགས་སྐབས་30དེ་ཧྥི་ལི་ཕིན་དུ་གྲོལ་ཞིང་། ཚོགས་འདུའི་ཐོག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་རྩ་འཛུགས་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་གྲུབ་པ་དང་ཆབས་ཅིག་ལྷོ་རྒྱ་མཚོའི་གནད་དོན་ཚུད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གྲོས་བསྡུར་བྱས་པ་དང་ཚོགས་འདུ་གྲོལ་རྗེས་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་ཡོད་པས་བཀའ་འདྲི་ཞུ་རྒྱུར་ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
          ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཉེ་དུས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དབུ་ཚོགས་དེ་ཧྥི་ལི་ཕིན་དུ་འཚོགས་པ་དང་ཚོགས་འདུའི་ཐོག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་རྩ་འཛུགས་འཛུགས་རྒྱུར་དམིགས་ནས་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་གྲུབ་པའི་དོ་སྣང་བྱུང་། འདི་ལོ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཙུགས་ནས་ལོ་50འཁོར་བས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱ་རྒྱུ་དང་ཆབས་ཅིག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཐུན་མོང་གི་རྩ་འཛུགས་འཛུགས་རྒྱུར་དམིགས་པར་རྒྱབ་སྐྱོར་དང་ས་ཁོངས་མཉམ་ལས་ཁྲོད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལྟེ་བའི་གནས་བབ་བཟུང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཧྥི་ལི་ཕིན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་གྱི་ཐུན་མོང་འབད་བརྩོན་འོག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
          ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་གནད་དོན་ཐད་དབུ་ཚོགས་ཀྲུའུ་ཞིས་ཞིབ་གླེང་བྱས་པར་དོ་སྣང་བྱུང་། མིག་སྔར་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་འབད་བརྩོན་འོག་ལྷོ་རྒྱ་མཚོའི་དུས་བབ་ཞི་ལྷོད་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་འགོ་ཚུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》དོན་འཁྱོལ་ཡག་པོ་བྱས་ནས་མཚོ་ཐོག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་གྲོས་མོལ་གཅིག་གྱུར་བྱུང་བའི་རྨང་གཞིའི་ཐོག“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི”སྔ་ཙམ་འགྲུབ་རྒྱུའི་བརྩོན་ལེན་བྱས་ཏེ་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ལས་ཀའི་འཆར་གཞི་ལྟར་ན། འདི་ལོ་ལོ་སྟོད་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས“ཚད་གཞིའི”སྒྲོམ་གཞིའི་འཆར་ཟིན་གྲོས་མོལ་ལེགས་གྲུབ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།