འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཐུང་ལེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོ་ཀྲེང་གོ་ཡི“ཐུང་ལེའི་ཕུགས་འདུན”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་བཞི་པར་ཡུན་ནན་འབའ་ལུང་རྫོང་ཐུང་ལེ་གྲོང་ཚོའི་སྨན་རྩའི་རྟེན་གཞིའི་ཀྲུང་ལུགས་སྨན་རྩྭ་མྱུ་གུ་འབུད་པའི་སྒང་ཡིན་པས་འབུའི་གནོད་པ་འགོག་གང་ཐུབ་བྱས་ཚེ་གཞི་ནས་མྱུ་གུ་སྐྱེ་འཚར་ཡག་པོ་ཡོང་ཐུབ།
            ཞོགས་པའི་ཆུ་ཚོད་བདུན་པར་ཧོ་ཀྲེང་གོས་གྲོང་མི་མང་པོ་ཞིག་གི་ཁྱིམ་དུ་འབུའི་གནོད་པ་འགོག་དགོས་པའི་དྲན་སྐུལ་བྱེད་པར་བསྐྱོད་རུང་ཚང་མ་བསྡད་མེད་པ་དང་སྐབས་འཁེལ།
          “ཁོང་ཚོ་ཁྱིམ་དུ་བསྡད་ཡོད་མ་རེད་བསམ་བྱུང་། ད་ཆ་ཁོང་ཚོ་རྙེད་ཁག་པོ་རེད” ཡང་ན་མི་མེད་པ་དང་ཡང་མིན་ན་བགྲེས་སོང་ཁ་ཤས་ཁྱིམ་དུ་ཡོད་སྲིད། ངལ་ནུས་ཡོད་མཁན་ཚང་མ་རི་སྟེང་གི་སྨན་རྩྭའི་རྟེན་གཞིར་ཕྱིན་ཡོད་ཀྱི་རེད། འོན་ཀྱང་ལོ་བཞིའི་གོང་མི་མང་ཆེ་བ་ཆུ་ཚོད་དགུ་པར་སླེབས་ཀྱང་ཞོགས་ཉལ་བརྒྱབ་ནས་སྡོད་ཀྱི་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།
         ཧོ་ཀྲེང་གོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་འབའ་ལུང་རྫོང་ཡེ་ཀྲེ་གྲོང་རྡལ་ཐུང་ལེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་2013ལོར་གྲོང་རྡལ་གྱིས་ཁོང་ཐུང་ལེ་གྲོང་ཚོར་ལས་བགོས་བརྒྱབ་པ་རེད། དེ་ནི་ཡེ་ཀྲེ་གྲོང་རྡལ་ལྷོ་ངོས་ཀྱི་ལི་སུའུ་རིགས་ཀྱི་གྲོང་ཚོ་ཞིག་རེད། ཁོང་དེ་གར་མ་སླེབས་གོང་གྲོང་ཚོ་དེ་ནི་རྨང་གཞིའི་ཆ་རྐྱེན་ཞན་ལ་ཧ་ཅང་དབུལ་ཕོངས་ཀྱི་གྲོང་ཚོ་ཞིག་ཡིན་པ་ཤེས་ཀྱི་ཡོད། གྲོང་ཚོ་དེ་དབུལ་སྒྲོལ་བྱེད་སླ་པོ་ཞིག་གཏན་ནས་མིན།
         གྲོང་ཚོར་དེར་སླེབས་རྗེས་ཉིན་མོ་རྒྱུན་དུ་ར་བཟི་ནས་སྡོད་མཁན་མཐོང་རྒྱུ་ཡོད་ལ། དགོང་མོ་ཡང་ཆང་རག་ཚོད་མེད་འཐུང་བའི་སྣང་ཚུལ་དེ་བས་མངོན་གསལ་དོད་པོ་ཡོད། ཆང་རག་བཏུངས་ནས་མཚན་གང་ལི་སུའུ་རིགས་ཀྱི་གླུ་གཞས་གཏོང་བ་ནི་གྲོང་མིའི་འཚོ་བར་མེད་ན་མེད་ཐབས་མེད་པའི་ཆ་ཤས་སུ་གྱུར་ཡོད།
        ཧོ་ཀྲེང་གོས“དེ་ལྟར་བྱས་ན་ལས་ཀ་བྱེད་སེམས་ཡོད་དམ། གོམས་གཤིས་དེ་དག་ཡུན་རིང་ནང་འཇགས་པ་ཞིག་ཡིན་པས། དེར་འགྱུར་ལྡོག་གཏོང་དགོས་ན་ལས་སླ་པོ་ཞིག་གཏན་ནས་མིན”ཙེས་བཤད། གནས་ཚུལ་དེ་དག་མཐོང་སྐབས་མཐར་ཁོང་གིས་གྲོང་ཚོར་གནས་སྡོད་བྱ་རྒྱུའི་སེམས་ཐག་བཅད་དེ་ལོ་ཕྱེད་རིང་གྲོང་ཚོར་བསྡད།
         གྲོང་ཚོར་གནས་སྡོད་བྱས་རྗེས་ཧོ་ཀྲེང་གོའི་ཉིན་ལྟར་ཞོགས་པའི་ལས་ཀ་ཐོག་མ་དེ་ནི་གྲོང་མི་འབོད་ནས་ལས་ཀར་ཐོན་རྒྱུ་དེ་རེད། སྐབས་དེ་དུས་མི་ཁག་གཅིག་གིས་རྒྱང་བསྒྲགས་ནས་ཐད་ཀར་ཁོང་ཚོ་འབོད་དགོས་པའི་གྲོས་འགོ་བཏོན་རུང་། ཁོང་གིས་གྲོང་ཚོའི་ཁྱིམ་ཚང་མང་པོར་བགྲེས་སོང་ཡོད་པས་རྒྱང་བསྒྲགས་བཏང་ན་ཁོང་ཚོའི་ངལ་གསོར་སྐྱོན་བྱས་ཡོང་སྙམ། དེར་བརྟེན་ཞོགས་པའི་ཆུ་ཚོད་བདུན་པ་ནས་བཟུང་ཁོང་གིས་ཁྱིམ་ཚང་རེ་རེ་བཞིན་སྒོ་བརྡུངས་ནས་ལས་ཀར་སྔ་ཙམ་ཐོན་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།
         “གྲོང་མི་ཚོའི་མཚན་གང་ཆང་འཐུང་རྒྱག་པའི་སྣང་ཚུལ་ངན་པར་འགྱུར་ལྡོག་གཏོང་དགོས་བསམས་ན་ཁོང་ཚོ་ཞོགས་སྔ་ལངས་དང་དགོང་སྔ་ཉལ་བྱེད་དགོས”ཞེས་ཧོ་ཀྲེང་གོ་ཡིས་བཤད། དུས་ཡུན་ཉིན་20ལྷག་ཙམ་མཐའ་འཁྱོངས་བྱས་པ་བརྒྱུད་གྲོང་མིས་ཧྲུའུ་ཅིའི་བསམ་ཚུལ་ཤེས་ཏེ་རིམ་བཞིན་དང་ལེན་བྱས། ད་ཆ“ཞོགས་སྔ་ལངས་དང་དགོང་སྔ་ཉལ”གྲོང་མིའི་གོམས་གཤིས་སུ་གྱུར་ཡོད།
         འཚོ་བའི་གོམས་གཤིས་ངན་པར་འགྱུར་ལྡོག་ཕྲན་ཙམ་བྱུང་རུང་གྲོང་མིའི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་སྔར་བཞིན་ཟབ་མོ་ཡོད། ཐུང་ལེ་གྲོང་ཚོ་ནི་དཔེ་མཚོན་གྱི་ས་མ་འབྲོག་གི་གྲོང་ཚོ་ཞིག་རེད། གྲོང་ཚོ་དེའི་ཞིང་དུད་ཚང་མས་རྒྱལ་ཁབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་ཞིང་ཕན་མ་དངུལ་ལ་རྟེན་གྱི་ཡོད། ས་ཞིང་བརྒྱུད་བཤུགས་བྱེད་མཁན་གྱི་གྲོང་མི་ཡིན་ནའང་ལྟོ་གོས་འཕྱིད་ཙམ་ལས་མེད།
         ཧོ་ཀྲེང་གོས་ས་ཞིང་ནི་ཞིང་པའི་སྲོག་རྩ་ལྟ་བུ་ཡིན་པས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངེས་པར་དུ་ས་ཞིང་བེད་སྤྱོད་ཡག་པོ་ཇི་ལྟར་བྱེད་པ་ནས་འགོ་འཛུགས་དགོས་ཞེས་བཤད།
         ཧོ་ཀྲེང་གོས་རིགས་གཅིག་མཁས་ཅན་གདན་དྲངས་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་རྗེས་གྲོང་ཚོར་ཀྲུང་ལུགས་སྨན་རྩྭ་འདེབས་རྒྱུའི་ཐག་བཅད། “ཧྲུའུ་ཅིའི་རོགས་རམ་མེད་ཚེ་ང་ད་དུང་ཆང་རག་ཚོད་མེད་བཏུངས་ནས་སྡོད་མཁན་ཞིག་ཡིན་རྒྱུ་རེད། རང་ཉིད་ཀྱིས་རྟག་ཏུ་ཆང་རག་བཏུངས་ཏེ་ཡོང་འབབ་མེད་པས་ཁྱིམ་ཚང་འཆམ་མཐུན་ཡོང་ཐབས་མེད། ན་ནིང་ངས་ཀྲུང་ལུགས་སྨན་རྩྭ་བཏབ་པས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་རག་བྱུང”ཞེས་གྲོང་མི་ཧོ་ཡུས་ལུང་གིས་འཚེར་སྣང་དང་བཅས་བཤད།
         སྒྲིག་འཛུགས་བྱེད་སྟངས་ཐད་ཧོ་ཀྲེང་གོ་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད། མི་སེར་ཚོར་སྣེ་འཁྲིད་མཁན་དགོས་པ་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ཚེ་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་ཐོན་ལས་འཕེལ་རྒྱས་གཏོང་དགོས།
         ཧོ་ཀྲེང་གོས་གྲོང་ཚོའི་ཨུ་ལྷན་གསུམ་ཚན་ཁག་གི་སྣེ་ཁྲིད་དེ“མ་རྐང་མཉམ་ལས་དཔལ་འབྱོར”གྱི་ཚོད་ལྟའི་གྲོང་ཚོའི་གོ་སྐབས་ལ་བརྟེན་ནས“སྤྱི་ཁྱབ་ཀྲི་པུའུ་དང་། ཀྲི་པུའུ། ཆེད་ལས་མཉམ་ལས་ཁང་། ཞིང་དུད། རྟེན་གཞི”བཅས་མཉམ་ལས་དང“མ་རྐང་མཉམ་ལས་དཔལ་འབྱོར”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་བཙུགས། གྲོང་ཚོར་ཁྱད་ལྡན་ཐོན་ལས་ཏང་ཀྲི་པུའུ་བཞི་དང་ཁྱད་ལྡན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གསུམ་བཙུགས་པ་དང་མཉམ་ལས་ཁང་གི་འགན་འཁུར་བ་ཏང་ཡོན་ཤ་སྟག་ཡིན་པས་མང་ཆེ་བས་རིན་མེད་ཞབས་འདེགས་ཞུ་གི་ཡོད།
         དེ་སྔོན་གྲོང་ཚོའི་གཞོན་ནུ་མང་ཆེ་བ་ཕྱིར་གླ་པ་བྱེད་པར་བསྐྱོད་ཀྱི་ཡོད། ད་ཆ་ཁོང་ཚོ་མང་ཆེ་བ་མཉམ་ལས་ཁང་གི་འཕེལ་རྒྱས་འདེབས་འཛུགས་གསོ་ཚགས་ལ་ཞུགས་ཤིང་། ཧོ་ཀྲེང་གོའི་སྣེ་ཁྲིད་འོག་ཐུང་ལེ་གྲོང་ཚོ་ལ་ཐོན་ལས་གང་ཡང་མེད་པ་ནས་མུའུ་1800ཟིན་པའི་ཀྲུང་ལུགས་སྨན་རྩྭའི་རྟེན་གཞི་དང་། མུའུ་1200ཟིན་པའི་སྟར་སྡོང་འདེབས་ས། མུའུ་600ཟིན་པའི་འབྲས་ཤིང་ལྡུམ་ར་བཅས་བར་འཕེལ་རྒྱས་ཕྱིན་ཡོད། ན་ནིང་ཀྲུང་ལུགས་ཐོན་ལས་རིན་ཐང་སྒོར་ཁྲི་200ལྷག་ཙམ་ཟིན་པ་དང་། འདེབས་འཛུགས་ལ་ཞུགས་མཁན་ཞིང་དུད་རེར་མུའུ་རེ་ནས་ཉུང་མཐར་ཡང་ཡོང་འབབ་སྒོར་3000དང་མང་ཤོས་སུ་སྒོར་9000ཟིན་ཡོད།
         “ཏང་ཡོན་ཞིག་གི་ནུས་པར་ཚད་ཡོད་རུང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། ཏང་ཀྲི་པུའུ་ཞིག་གིས་ཚང་མ་དབུལ་སྒྲོལ་ཕྱུག་འགྱུར་ལ་ཁྲིད་སྟོན་བྱེད་ཐུབ”ཅེས་ཧོ་ཀྲེང་གོས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།