འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།"1+N"ཡི་གད་སྙིགས་གཙང་སེལ་བྱེད་སྟངས་ལ་བརྟེན་ནས་རྫ་ཆུའི་ཆུ་འགོའི་སྣོད་
    བཅུད་ཁོར་ཡུག་ལེགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བཞི་པའི་ཟླ་མཇུག་ཏུ་སླེབས་ནའང་ཡུལ་ཤུལ་དུ་གྲང་ཟུག་ཅུང་ལྡན། ལོ་13ལ་སླེབས་པའི་འབུམ་མཚོས་ད་དུང་ལུས་ལ་གྱོན་གོས་མཐུག་པོ་ཞིག་གྱོན་ནས་ཁྲོམ་གཞུང་དུ་ཚ་ཚ་འུར་འུར་ངང་འགྱིག་དམ་དང་འགྱིག་སྣོད་སྒྲུག་བཞིན་ཡོད། གང་ལགས་ཤེ་ན། ཁོ་མོས་ཟོག་རོ་དེ་དག་སྒྲུག་ནས་སློབ་གྲྭའི་ནང་སྨྱུ་གུ་དང་ཡིག་ཆས་བརྗེས་ཆོག་པས་རེད། ཡིན་ནའང་ཉེ་འཁོར་གྱི་འབྲོག་པ་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་སོང་བའི་རྐྱེན་གྱིས་ཁོ་མོར་སློབ་གྲྭའི་འགྲམ་དུ་གད་སྙིགས་ཉུང་དུ་སོང་བའི་སྣང་བ་ཞིག་བྱུང་ཡོད།
         འབུམ་མཚོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དམའ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་སློབ་ཕྲུག་རེད། ཁོ་མོའི་ཧུར་བརྩོན་གྱི་བྱ་སྤྱོད་འདི་ནི་རྫ་སྟོད་རྫོང་གིས་བཏོན་པའི་བྱ་ཐབས་གསར་པ་སྟེ། འདི་ཁུལ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྡེ་ཁུལ་དང་། སློབ་གྲྭ། ཁེ་ལས། འབྲོག་པ་བཅས་མཉམ་དུ་ཞུགས་པའི"1+N"ཡི་འབྲོག་ཁུལ་གྱི་གད་སྙིགས་གཙང་སེལ་བྱེད་སྟངས་ཤིག་ལས་བྱུང་བ་རེད།
         རྫ་སྟོད་རྫོང་ནི་ཆ་སྙོམས་ས་བབ་སྨི་4000ལས་བརྒལ་བ་དང་རྫ་ཆུའི་ཆུ་འགོ་ཡོད་སར་ཆགས་ཤིང་། རང་བྱུང་ཁོར་ཡུག་བཟང་བའི་རྐྱེན་གྱིས། རྫ་སྟོད་རྫོང་དབྱར་རྩྭ་དགུན་འབུ་ཐོན་ཡུལ་གཙོ་བོ་འགྱུར་ཏེ་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་མཇུག་ཏུ་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཚོང་དར་ནས་རྫ་སྟོད་ལ་གད་སྙིགས་གཙང་སེལ་བྱེད་དཀའ་བར་གྱུར།
         རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་སྤྱི་མིག་དམར་ཚེ་རིང་ནི་རྫ་སྟོད་ནས་ས་སྐྱེས་རྡོ་སྐྱེས་བྱས་པ་ཞིག་རེད། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་ལུགས་ཤེས་པའི་ཁོ་པས་ན་ནིང་ཟླ་གསུམ་པ་ནས་བཟུང་སློབ་གྲྭར་གད་སྙིགས་དང་ཅ་དངོས་བརྗེ་སྒྱུར་ཁང་ཞིག་བཙུགས་ནས་སློབ་གྲྭས་ལོ་ལྟར་སྒོར་ཁྲི་གཅིག་གི་སློབ་ཆས་ཉོས་ཏེ་སློབ་ཕྲུག་གིས་གད་སྙིགས་སྒྲུག་ཚེ་ཅ་དངོས་དང་བརྗེ་པོ་རྒྱག་ཆོག་གི་ཡོད་ཅིང་། ཉེ་ཆར་རྫ་སྟོད་རྫོང་གིས་སློབ་གྲྭའི་ནང་ཁོར་ཡུག་སྲུང་སྐྱོང་གི་སློབ་ཚན་གཅིག་གྱུར་ངང་བཀོད་སྒྲིག་བྱས་ཏེ། མི་རིགས་སློབ་འབྲིང་གཉིས་པ་དང་འདྲ་བར་སློབ་གྲྭ་གཞན་ལའང་གཟའ་འཁོར་རེར་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སློབ་ཚན་ཐེངས་གཉིས་རེ་འཁྲིད་ཀྱི་ཡོད་ཅེས་བཤད།
         "རྫ་ཆུའི་ཆུ་འགོར་འཚར་ལོངས་བྱུང་བའི་ཕྲུ་གུ་རྣམས་ཀྱིས་ཆུང་དུས་ནས་ཁྱིམ་གཞིས་སྲུང་སྐྱོང་གི་འདུ་ཤེས་བཅངས་པ་དང་ལྷག་དོན་དུ་ཁྱིམ་གཞིས་སྲུང་སྐྱོང་གི་ཞིབ་ཕྲའི་བྱེད་ཐབས་དང་ནུས་པ་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ང་ཚོའི་རེ་བ་ཡིན"ཞེས་མིག་དམར་ཚེ་རིང་གིས་བཤད།
         རྣམ་སྲས་ཤང་ནི་རྫ་སྟོད་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཡོད་ལ། ན་ནིང་ཟླ་དྲུག་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་གླིང་གི་རྣམ་སྲས་ཤང་དོ་དམ་ས་ཚིགས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས《རྫ་སྟོད་རྫོང་རྫ་ཆུའི་གད་སྙིགས་གཙང་སེལ་འདུ་འགོད་ལག་བསྟར་བསམ་འཆར》དང་དེ་བཞིན"ཐེམ་དུད་སོ་སོས་གད་སྙིགས་རིགས་དབྱེ་བ་དང་། གྲོང་ཚོས་སྒྲུག་པ། ཤང་གིས་དབོར་བ། རྫོང་གིས་གཙང་མ་བཟོ་བའི"འབྲོག་ཁུལ་གད་སྙིགས་གཙང་སེལ་གྱི་ལམ་སྲོལ་གསར་པར་གཞིགས་ཏེ། ཤང་གིས་ཁོར་ཡུག་གཙང་མ་ཡོང་བ་བྱས་པར་མ་ཟད། དེའི་ཁོངས་ཀྱི་གསའ་དང་། ཤ་བ་མཆུ་དཀར། གནའ་བ་སོགས་རི་སྐྱེས་སྲོག་ཆགས་ལའང་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ཅེས་བཤད།
         གསར་འགོད་པས་བཅར་འདྲི་བྱེད་སྐབས། ཞོགས་པ་སྔ་པོ་ནས་གད་སྙིགས་དབོར་འདྲེན་རླངས་འཁོར་རྫ་སྟོད་རྫོང་གི་ཤང་དང་། སྡེ་ཁུལ། སྲང་ལམ་བཅས་སོ་སོར་རྒྱུ་བ་མཐོང་རྒྱུ་ཡོད། ཉེ་ཆར་རྫོང་གིས་གསར་དུ་ཉོས་པའི་ཁོར་ཡུག་གཙང་སྦྲའི་སྒྲིག་ཆས་ཆ་ཚང་ཞིག་ཤང་གི་གྲོང་ཚོ་དང་སྡེ་ཁུལ་སོ་སོར་སྤྲད་པ་རེད།
         རྫ་སྟོད་རྫོང་ཁོར་ཡུག་སྲུང་སྐྱོང་དང་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཚེ་དོན་གྲུབ་ཀྱིས་རྫ་སྟོད་རྫོང་ལ་ཉིན་ལྟར་གད་སྙིགས་མང་ཤོས་ལ་ཏུན་50དང་ཉུང་ཤོས་ལ་ཏུན་25ཟིན་གྱི་ཡོད་ལ། དེ་སྔོན་གད་སྙིགས་ས་འོག་ཏུ་སྦས་ནས་གཙང་མ་བཟོ་ཐབས་བྱེད་ཀྱི་ཡོད་མོད། ད་ཆ་སྔོན་ལ་གད་སྙིགས་རིགས་དབྱེ་ནས་དེའི་ནང་གི་རྡོ་སོལ་སྙིགས་རོ་དང་ཐབ་ཚང་གི་གད་སྙིགས་སོགས་ཁོ་ན་སྦས་ཀྱི་ཡོད། རྗེས་ཀྱི་གཙང་སེལ་ལས་ཀ་སྟབས་ཧ་ཅང་བདེ་པོ་ཡིན་པ་སྟེ། ལས་དོན་པས་ཤོག་སྒམ་རིགས་དང་། མཐེབ་འབྱེད་ལྕགས་ཀྲིན་རིགས་སོགས་ཡིན་ཚེ་རྡོག་བརྫིས་བཏང་ནས་གད་སྙིགས་གཙང་སེལ་སྒྲིག་ཆས་ཡག་ཤོས་ཡོད་སའི་ཟི་ལིང་ལ་གཅིག་གྱུར་ངང་གཙང་མ་བཟོ་བར་སྐྱེལ་གྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།