འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ནས་ཀྱི་ཐོན་ལས་ལས་སྣོན་ཞིབ་ཚགས་དང་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་
    འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན། གསར་འགོད་པར་གོང་ཚེས་ཉིན་བོད་རང་སྐྱོང་ལྗོངས་ནས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་ཀྱི་ཞིང་འབྲོག་ཚན་ཞིབ་སྒྲིག་གཞིས་ནས་ཀྱི་ལས་སྣོན་ཐོན་རྫས་སྣ་ཁ་60ལྷག་ཙམ་ཞིབ་བཟོ་བྱས་ནས་ལོ་མཇུག་ཏུ་སྣ་ཁ་100ལྷག་ཙམ་ཟིན་རྒྱུ་དང་ལྗོངས་ཡོངས་སུ་ནས་ཐོན་སྐྱེད་དང་ལས་སྣོན་ཁེ་ལས་30ལྷག་ཙམ་ཟིན་རྒྱུ་མ་ཟད། ནས་ཏུན་ཁྲི་11ཙམ་ལས་སྣོན་ཐུབ་རྒྱུ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2016ལོར་བོད་ཀྱི་ནས་ལས་སྣོན་གཞན་སྒྱུར་བྱེད་ཚད་ཏུན་ཁྲི་6ཙམ་ཟིན་ཏེ་ནས་ལས་སྣོན་ཞིབ་ཚགས་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་བརྒྱུད། ནས་ཀྱི་ཐོན་ལས་ཉིད་བོད་ཀྱི་ཞིང་འབྲོག་པའི་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་དུ་འགྱུར་རྒྱུ་རེད།
         བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྲོལ་རྒྱུན་གྱི་ཟས་རིགས་གཙོ་བོ་ཡིན་པའི་ནས་བོད་དུ་ཡུན་རིང་བཏབ་པས་གནས་བབ་གལ་ཆེན་བཟུང་ཡོད། ནས་ཀྱི་ཐོན་འབབ་2011ལོའི་ཏུན་ཁྲི་62.18ནས་2016ལོའི་ཏུན་ཁྲི་74.67བར་མཐོ་རུ་ཕྱིན་ཡོད། འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། ཐོན་འབབ་མཐོ་བའི་སྤུས་ལེགས་ཀྱི་སྣ་ཁ་གསར་པ་ཁྱབ་གདལ་བྱེད་ཤུགས་ཆེར་གཏོང་། འབྲུ་རིགས་ཐོན་སྐྱེད་ཁུལ་དང་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་བཙུགས་པ་བཅས་བརྒྱུད། 2020ལོར་སླེབས་སྐབས་བོད་ལྗོངས་ཡོངས་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་200ཡན་ཟིན་རྒྱུ་དང་ནས་ཐོན་ཚད་ཏུན་ཁྲི་80ལྷག་ཙམ་ཟིན་རྒྱུ་རེད། ནས་ཀྱི་སྤུས་ཀ་ལེགས་པ་དང་ཉར་ཚགས་བྱེད་བདེ་བའི་ཁར་ད་ཕན་ལོ་ཤས་ནང་བོད་ཀྱི་ཞིང་འབྲེལ་སྡེ་ཚན་གྱིས་ཞིང་དུད་ཀྱི་ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་གསོག་པའི་ལག་རྩལ་དང་སྒྲིག་ཆས་ཁྱབ་གདལ་ཤུགས་ཆེན་བཏང་བས། ཞིང་དུད་ཀྱི་འབྲུ་གསོག་པའི་ཆ་རྐྱེན་དང་ཆུ་ཚད་མཐོ་རུ་ཕྱིན་ཏེ་ནས་ཀྱི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྤུས་ལེགས་ཀྱི་རྒྱུ་ཆ་མཁོ་འདོན་ཐུབ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་གོམ་སྟབས་རྗེས་མར་ད་ཡོད་ཀྱི་ལས་སྣོན་ཁེ་ལས་ལ་གཞི་ཚུགས་ནས་ལག་རྩལ་སྒྱུར་བཀོད་བྱེད་པ་དང་། ནས་ཀྱི་འཚོ་བཅུད་དང་། བདེ་སྲུང་། སྨན་སྤྱོད། བཟོ་ལས་སོགས་ཀྱི་ནུས་པ་མང་པོ་གསར་སྤེལ་ཤུགས་ཆེན་བྱེད་པ། སྣ་ཁ་མང་བ་དང་། མུ་འབྲེལ་ཅན། ལས་སྣོན་ཞིབ་ཚགས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྣ་མང་ཅན་གྱི་ཁྲོམ་རའི་དགོས་མཁོ་བསྐངས་ཏེ་ནས་ཀྱི་གནས་ཐང་འཕར་བའི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།