འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གེགས་ལས་རྣམ་པར་རྒྱལ་ནས་བདེ་སྐྱིད་ཉི་མ་ཤར།

    —— བོད་ཀྱི་མཐའ་མཚམས་གྲོང་ཚོར་ས་ཡོམ་བརྒྱབ་ནས་ལོ་གཉིས་འཁོར་བའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན། གནས་གྲོང་ཚོ་ནི་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་ཆགས་པའི་གྲོང་སྡེ་ཞིག་རེད། ངག་རྒྱུན་དུ། གངས་རིའི་མུ་ཁྱུད་ཀྱིས་བསྐོར་བ་ནི་ཁྱུང་ཆེན་གྱི་གཤོག་པ་ཡིན་ཞེས་ཤོད་སྲོལ་ཡོད་ལ་གནས་གྲོང་ཚོ་ཁྱུང་ཆེན་གྱི་སྒལ་གཞུང་དུ་ཆགས་ཡོད། ལོ་1000ལྷག་གི་གོང་དུ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་སྐབས་ཡུལ་འདི་བརྒྱུད་ནས་འོངས།
         2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ཅིང་། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་དབར་སྤྱི་ལེ་30ཙམ་གྱིས་ཆོད་པའི་གནས་གྲོང་ཚོའི་ལྷིང་འཇགས་ཀྱང་དཀྲོགས་ཏེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་96གི་ཁང་པ་80%བརྡིབས་པ་དང་20%ལ་གས་སྐྱོན་ཆེན་པོ་བྱུང་ཡོད། གེགས་བར་ནང་རྐྱེན་ལམ་དུ་ཤོར་བའི་བོད་ཀྱི་མི་27ལས་མི་4གནས་གྲོང་ཚོའི་ཡིན་སྟབས་གནས་གྲོང་ཚོ་ནི“4·25”ས་ཡོམ་ནང་གེགས་བར་ཚབས་ཆེ་ཤོས་ཕོག་པའི་གྲོང་ཚོའི་གྲསཤིག་རེད།
         2015ལོའི་ཟླ་4ཚེས་26ཉིན་གྱི་ཐོ་རེངས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཕྲལ་མར་གནས་གྲོང་ཚོ་གནས་ཡུལ་གྱི་བོད་ལྗོངས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་བ་ནས་2016ལོའི་ཟླ་2ཚེས་14ཉིན་བར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གནས་གྲོང་ཚོར་སྐྱོད་ཐེངས་དྲུག་རིང་གྲོང་མི་རྣམས་གོམ་སྟབས་རེ་རེ་བཞིན་གེགས་བར་ལས་རྣམ་པར་རྒྱལ་ནས་བདེ་སྐྱིད་ཀྱི་ཉི་མ་ཤར་འགོ་ཚུགས་པ་དངོས་སུ་དཔང་པོ་བྱས་ཡོད་ཅིང་། ས་ཡོམ་བརྒྱབ་ནས་ལོ་གཉིས་འཁོར་མཚམས་སུ་གསར་འགོད་པ་སླར་ཡང་གནས་གྲོང་ཚོར་འབྱོར།
         ས་ཞིང་གཤིན་པོ་སྔར་བཞིན་རྒྱ་ཆེ་བ་དང་བ་གླང་གི་སྐེ་དྲིལ་སིང་སིང་གྲགས་ཤིང་། རྒྱལ་དར་དང་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། འགྱུར་ལྡོག་ཆེ་ཤོས་ནི་གང་སར་བསྐྲུན་པའི་ལྕགས་རྩིབས་ཨར་འདམ་གྱི་ཁང་པ་རེད།
         “སྔར་ཡོད་ཀྱི་ས་ཁང་ཁ་ཤས་བརྡིབས་མེད་ཀྱང་བདེ་འཇགས་ལ་དམིགས་ཏེ་ང་ཚོས་ཡུལ་མིར་ཁ་ཏ་བྱས་ནས་ཁང་པ་ཚང་མ་བཤིགས་ནས་བསྐྱར་བསྐྲུན་བྱས་ཡོད”ཅེས་སྐྱིད་གྲོང་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་བསྟན་འཛིན་དབང་མོས་བརྗོད།
         གྲོང་ཚོའི་མ་ལམ་གཡས་གཡོན་གྱི་ཁང་གསར་ཕལ་ཆེ་བར་ཨར་འདམ་གྱི་རྩིག་རྨང་བརྒྱབ་ནས་ལྕགས་རྩིབས་བསླངས་ཤིང་། མགྱོགས་པ་ལ་ལར་བོད་བཟོའི་ཁང་པ་ཉིས་ཐོག་བསླངས་ཡོད།
         མ་ལམ་དེ་གྲོང་སྣེའི་ལྕགས་དྲའི་སྒོ་རྒྱབ་ཏུ་བསྲིངས་ཡོད་པ་དེ་ནི་གསར་འགོད་པས་གནས་གྲོང་ཚོར་བཅར་འདྲི་ཐོག་མར་བྱ་ཡུལ་གྱི་མིག་དམར་གྱི་ཁྱིམ་རེད།
         མིག་དམར་དང་བཟའ་ཟླ་ཚེ་དབང་རྡོ་རྗེས་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པ་གུར་ནང་ཁྲིད། “སྨི་ངོས་གྲུ་200ཟིན་པའི་ཁང་གསར་ཉིས་ཐོག་ཅིག་ད་ལྟ་རྒྱག་བཞིན་ཡོད”ཅེས་ཚེ་དབང་རྡོ་རྗེས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་ཁང་གསར་རྒྱག་པར་སྲིད་གཞུང་གིས་དུད་ཁྱིམ་རེར་ཁ་གསབ་སྒོར་ཁྲི་18.2སྤྲད་པ་དང་། ང་ཚོས་དངུལ་བུན་སྒོར་ཁྲི་13.8གཡར་བས་ལོ་3རིང་འཇལ་ན་ཆོག མིག་སྔར་ཤིང་ཕོར་བཟོ་བ་དང་། ཞིང་ཁ་འདེབས་པ། བ་ཕྱུགས་འཚོ་བ་བཅས་ལ་བརྟེན་ནས་ལོར་ཡོང་འབབ་སྒོར་ཁྲི་1ལྷག་རག་གི་འདུག་ཅེས་བརྗོད། ཕྱུག་པོ་དེ་ཙམ་མེད་ནའང་བགྲེས་སོང་གིས་བུ་ཕྲུག་གསུམ་གྱི་སྐོར་གླེང་སྐབས་སླད་ཕྱིན་ལ་རེ་བས་ཁེངས་འདུག་པ་སྟེ། གཅིག་གིས་སྐྱིད་གྲོང་རྫོང་གྲོང་དུ་ཇ་ཁང་གཉེར་བ་དང་། གཅིག་གིས་ཉེ་འགྲམ་རྫོང་གི་སྤྱི་བདེ་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད། ད་དུང་གཅིག་མནའ་མར་ཕྱིན་ནས་གཞིས་རྩེ་གྲོང་ཁུལ་དུ་གཞིས་ཆགས་ཡོད།
         གོང་གི་མིག་དམར་གྱི་ཁྱིམ་དང་བསྡུར་ཚེ་ཉི་མ་བཟང་མོའི་ཁྱིམ་གྱི་འབྱོར་འཁོས་ཡག་པོ་ཡོད། ལོ་གཅིག་ལྷག་གི་གོང་ཉི་མ་བཟང་མོའི་ཁྱིམ་གྱི་སྒོ་རའི་ནང་དུ་ཤར་རླུང་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་རྫ་མདོག་ཅིག་བཞག་ཡོད་པ་གསར་འགོད་པར་སྣང་བ་བྱུང་། ད་རེས་སྒོ་རའི་ནང་དུ་བཞག་པ་ནི་རླངས་འཁོར་དཀར་པོ་ཞིག་རེད་འདུག
         ཉི་མ་བཟང་མོའི་ཁྱོ་ག་ལྷག་པ་ཚེ་རིང་དང་བུ་རྒན་པས་ཟོག་འདྲེན་རླངས་འཁོར་གཉིས་བཏང་ནས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་ནས། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ནས་5ཡི་བར་རག་གི་ཡོད། ཁང་པ་གསར་པ་རྒྱག་པར་སྲིད་གཞུང་གི་ཁ་གསབ་ཕུད་དེ་བྱིངས་དངུལ་སྒོར་ཁྲི་5དགོས་པ་ཚང་མ་སོ་སོས་བཏོན་པ་རེད། ཉི་མ་བཟང་མོའི་ཁང་པ་རྙིང་པར་ཡང་ཨར་འདམ་གྱི་ལུགས་བརྒྱབ་ནས་བརྟན་དུ་བཏང་ཡོད་པ་དང་ས་ཡོམ་བརྒྱབ་རྗེས་དུས་ཐོག་ཏུ་ཉམས་གསོ་བྱས་པས་གུར་ནང་དུ་མ་བསྡདཔའི་དུད་ཁྱིམ་ཉུང་ངུའི་གྲས་ཤིག་རེད། ཁང་གསར་བརྒྱབ་རྗེས་ཡུལ་སྐོར་བར་བོགས་མར་གཏོང་རྒྱུ་ཡིན་པ་རེད།
         ད་ཆ་གྲོང་མིའི་རེ་བ་ཆེ་ཤོས་ནི་གྲོང་ཚོའི་འགྲོ་ལམ་སྔ་ཙམ་ཤར་གཏོང་ཐུབ་རྒྱུ་དེ་རེད། ལྷག་པ་ཚེ་རིང་གིས་ལམ་ཤར་བགྲོད་ཐུབ་ཚེ་ཉིན་ལྟར་རྡོ་གསེག་དབོར་བའི་ལས་ཀ་ཡོད་ངེས། ད་ཆ་ལམ་མེད་པས་འགྲུལ་པ་ཡང་ཧ་ཅང་ཉུང་ཞེས་བརྗོད།
         ད་ལོའི་ཟླ་4པའི་ཟླ་སྟོད་དུ་གྲོང་ཚོའི་ཕྱི་རོལ་གྱི་རི་ལམ་ལ་ཨར་འདམ་འདིང་བའི་ལས་གྲྭ་སྒྲུབ་འགོ་ཚུགས་ཤིང་། སྐྱིད་གྲོང་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྤེན་པས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་ལྟར་ན་ད་ལོ་འཁོར་རིགས་ཤར་གཏོང་ཐུབ་རྒྱུ་རེད། དེ་རྗེས་ལྟ་སྐོར་འཁོར་རིགས་སྐྱིད་གྲོང་གྲོང་རྡལ་དང་གནས་གྲོང་ཚོའི་དབར་འགྲུལ་བཞུད་བྱེད་སྲིད། གཞན་ཡང་ཡུལ་མིའི་ཁང་པ་བརྒྱབ་ཚར་ན་གྲོང་ཚོར་ཨར་འདམ་ལམ་འདིང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།