འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་འགོ་ཚུགས་ནའང་གཏན་འཁེལ་མིན་པའི་རང་བཞིན་
    སྔར་བཞིན་གནས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། “དཔྱིད་ཀ་ཤར་བ་དང་སྦྲགས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལའང་དཔྱིད་དཔལ་བཞད་འགོ་ཚུགས་ཡོད”ཅེས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་སྤྱི་ཁྱབ་ལཱ་ཅ་ཏེས་ཉེ་ཆར་IMFདང་འཛམ་གླིང་དངུལ་ཁང་གི་དཔྱིད་དུས་ཚོགས་འདུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཞིག་གི་ཐོག་སྐད་ཆའི་འགོ་བཙུགས་པ་རེད།
         2008ལོའི་དངུལ་རྩའི་ཉམས་ཉེན་ཐོན་ནས་ལོ་8ལྷག་སོང་རྗེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གཞི་ནས་རེ་སྒུག་ཡུན་རིང་བྱས་པའི་ཁྱོན་ཡོངས་ཀྱི་སླར་གསོ་མངོན་འགྱུར་བྱུང་བ་དང་། ཨ་རི་དང་། ཡོ་རོབ། རི་པིན། ཀྲུང་གོ་དང་དེ་བཞིན་གསར་དར་ཁྲོམ་ར་གཞན་དག་གི་དཔལ་འབྱོར་མདུན་ལམ་ལེགས་སུ་ཕྱིན་ཡོད། 《འཛམ་གླིང་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ་》འདོན་ཐེངས་གསར་ཤོས་ཐོག་IMFཡིས་འདི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དེ་སྔོན་དཔག་དེ་3.5%བར་སྤར་བ་དེ་ནི་འདས་ཟིན་པའི་ལོ་5ཡི་རིང་། IMFཡིས་དཔྱིད་དུས་ཀྱི་ཚོགས་འདུའི་ཐོག་དེ་དུས་ཀྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་མཐོ་རུ་གཏོང་ཐེངས་དང་པོ་ཡིན་པ་རེད། ན་ནིང་གོ་ལ་ཧྲིལ་པོའི་དཔལ་འབྱོར་3.1%ལས་འཕར་མེད་པས་2009ལོ་ཚུན་གྱི་འཕར་ཚད་འགོར་ཤོས་ཡིན་པ་རེད་ཅེས་འཁོད་ཡོད།
         2011ལོར། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སླར་གསོའི་རྣམ་པ་ཐོན་ནའང་རྒྱུན་མཐུད་དུས་ཚོད་རིང་པོ་མེད་པར་དམིགས་ཏེ། ལཱ་ཅ་ཏེས་གོ་ལ་ཧྲིལ་པོའི་ཇུས་ཐག་གཅོད་མཁན་ལ་འཕྲད་པའི་ལས་འགན་ཨང་དང་པོ་ནི་མིག་སྔའི་དཔལ་འབྱོར་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། དེས་རྒྱལ་ཁབ་ཁག་གིས་མུ་མཐུད་ནོར་སྲིད་དང་། དངུལ་ལོར་སྲིད་ཇུས། གྲུབ་ཆ་སྒྱུར་བཅོས་བཅས“ཐབས་གསུམ་མཉམ་སྤྱོད”ཀྱི་སྲིད་ཇུས་ཟུང་འབྲེལ་བྱས་ཏེ་དཔལ་འབྱོར་འཕར་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་མཚོན་གྱི་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི། རྒྱལ་ཁབ་ཁག་གིས་གསར་གཏོད་དང་ཉོ་ཚོང་ལ་བརྟེན་ནས་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་བ་དང་ཡུན་རིང་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་དང་སྦྲགས་དཔལ་འབྱོར་འཕར་རྒྱུར་བསྟུན་མཁས་རང་བཞིན་དེ་བས་ལྡན་པ་བྱས་ནས་ཚོགས་སྤྱི་ཚང་མར་ཕན་པ་ཐོབ་པ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
         དཔྱིད་དུས་ཀྱི་ཚོགས་འདུ་མ་འཚོག་གོང་། IMFཡིས་འཛམ་གླིང་དངུལ་ཁང་དང་འཛམ་གླིང་ཚོང་དོན་རྩ་འཛུགས་དང་མཉམ་འབྲེལ་ཐོག་ཞིབ་འཇུག་སྙན་ཞུ་ཡོངས་བསྒྲགས་བྱས་ཏེ་དངུལ་རྩའི་ཉམས་ཉེན་ཐོན་རྗེས་ཚོང་དོན་སྲུང་སྐྱོབ་རིང་ལུགས་མགོ་འབུས་པ་སོགས་ཀྱི་རྒྱུ་རྐྱེན་ལས་ཉེ་བའི་ལོ་ཤས་རིང་གི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་ཚད་ཆག་པར་ཐ་ཚིག་སྒྲོག་པ་མ་ཟད། དཔལ་འབྱོར་སྒྲིག་གཞི་ཁག་གིས་གོ་ལ་ཧྲིལ་པོའི་ཚོང་དོན་གཞི་གཅིག་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།
         འདི་ལོའི་G20ཡི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་འཇར་མན་གྱི་ནོར་སྲིད་པུའུ་ཀྲང་ཧྲོ་དབྱི་པུའུ་ལེས་G20ཡི་ཁོངས་མིའི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་རིང་ལུགས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གནོད་འཚེ་བཟོ་གི་ཡོད་པ་ཡོངས་ཁྱབ་ཐོག་ངོས་འཛིན་བྱུང་ནས་བྱ་ཐབས་སྤྱད་དེ་བསྟུན་མཁས་རང་བཞིན་གྱི་འཕར་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོར་བྱུང་བའི་རྡབ་རྡེག་ལ་ཁ་གཏད་གཅོག་པ་དང་སྲུང་སྐྱོབ་རིང་ལུགས་མགོ་འབུས་སུ་མི་འཇུག་རྒྱུར་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།