འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་ལ་ཨ་ཕིམ་གྱི་ཐོན་རྫས་ཕྱིར་གཏོང་རྩ་བ་ནས་
    བྱེད་མྱོང་མེད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་ལ་ཨ་ཕིམ་གྱི་ཐོན་རྫས་ཕྱིར་གཏོང་རྩ་བ་ནས་བྱེད་མྱོང་མེད་ཅེས་བཤད་པ་རེད།
         ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། 2016ལོར་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉལ་ཐའི་ཐོན་ཚད་2015ལོ་དང་བསྡུར་ན་43%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འཕྲིན་སྤེལ་ནང་ད་དུང་མཉམ་འབྲེལ་རྒྱལ་ཚོགས་དུག་རྫས་དང་ཉེས་གསོག་གནད་དོན་གཞུང་དོན་ཁང་གི་དཔོན་རིགས་ཀྱིས་གནས་ཚུལ་དེ་ཀྲུང་གོའི་འགྱིན་སྒྱུར་ཨ་ཕིམ་གྱི་སོན་གསར་པ་སྤྱད་པ་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་འཁོད་ཡོད་པ་རེད།
         ཀེང་ཧྲོང་གིས་གོང་གི་འཕྲིན་སྤེལ་དེ་དག་དོན་དངོས་དང་མཐུན་གྱི་མེད། ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་ལ་ཨ་ཕིམ་གྱི་ཐོན་རྫས་ཕྱིར་གཏོང་རྩ་བ་ནས་བྱེད་མྱོང་མེད་ལ“འགྱིན་སྒྱུར་ཨ་ཕིམ”ཟེར་བ་དེ་ཡང་རྩ་བ་ནས་བཏབ་མྱོང་མེད། ང་ཚོས་ཤེས་རྟོགས་བྱུང་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས“འགྱིན་སྒྱུར་ཨ་ཕིམ་གྱི་སོན”ཟེར་བའི་ཤོད་ཚུལ་དེར་ར་སྤྲོད་བྱས་མེད་ལ། རྒྱལ་ཁབ་གང་རུང་ཞིག་ལ་དམིགས་པའི་དཔྱད་གཏམ་ཡང་སྤེལ་མྱོང་མེད་ཅེས་བཤད་པ་རེད།
         ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་དུག་རྫས་ཉེས་གསོག་དང་ཁྲིམས་འགལ་ངང་ཨ་ཕིམ་འདེབས་འཛུགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་གི་ཡོད་ལ་རྒྱལ་སྤྱིའི་དུག་འགོག་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུག་འགོག་ནུས་པ་ཆེ་རུ་གཏོང་ཆེད་ནུས་པས་གང་ལྕོགས་ཀྱི་རོགས་རམ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དང་དེ་བཞིན་ས་ཁུལ་དེའི་རྒྱལ་ཁབ་ཀྱི་དུག་འགོག་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་གཉིས་དང་དེ་བཞིན་ས་ཁུལ་དེ་གའི་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།