འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡི་སྨན་པ་ཁྲི་ཡིས་རྫོང་དབུལ་པོ་66ལ་འོས་འགན་སྐོར་སྐྱོད་སྨན་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་བདེ་ཐང་དབུལ་སྐོར་གྱི་སྨན་པ་ཁྲིའི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་ཆེ་གྲས་སྤེལ་འགོ་ཚུགས་ཤིང་། ཞིང་ཆེན་ཡོངས་ཀྱི་རིམ་གསུམ་སྨན་ཁང་52ཀྱིས་སྨན་བཅོས་རུ་ཁག་76བཙུགས་ནས་རྫོང་དབུལ་པོ་66ལ་ཁྱོན་ཡོངས་ནས་སྐོར་སྐྱོད་སྨན་བཅོས་བྱས་ཏེ། མང་ཚོགས་དབུལ་པོས་སྒོ་འགྲམ་ནས་ཞིང་ཆེན་རིམ་པའི་ཆུ་ཚད་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་པ་རེད།
         ད་ཐེངས་ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་ཆེ་གྲས་ནང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་ཁག་གི་སྨན་དོན་པ་ཁྲི་ལ་ཉེ་བ་ཞུགས་ཡོད་པ་དང་བསྡོམས་མཐོ་རིམ་གཞོན་པའི་གོ་མིང་ཡན་གྱི་སྨན་དོན་པ་760ལྷག་མངགས་ཡོད། བྱིས་པའི་ཚན་ཁག་དང་། སྙིང་ནད་ཚན་ཁག བུད་མེད་ཚན་ཁག མཆིན་མཁྲིས་ཚན་ཁག རུས་ནད་ཚན་ཁག་སོགས་རིག་ཚན་20ལྷག་གི་འོས་འགན་སྨན་བཅོས་སྒྲིག་འཛུགས་བྱས་པ་དེ་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་ཞིག་ཡིན་པ་རེད།
          ཞའོ་ཅང་ཧུའེ་ནི་ཁྲང་ཧྲུན་རྫོང་ཀོང་ཧྲུན་གྲོང་རྡལ་ཤིན་ཀྲའེ་ཤང་ནས་ཡིན་པ་དང་། ལོ་བརྒྱད་ལ་སོན་པའི་ཁོ་མོར་ལྷན་སྐྱེས་སྙིང་ནད་ཕོག་སྟབས་སློབ་གྲྭར་བསྐྱོད་ཐབས་བྲལ། ཁྱིམ་གྱི་ཡོང་འབབ་ཡོང་ཁུངས་གཅིག་པུ་དེ་ནི་ཨ་ཕས་སྔོག་འདྲུ་འཕྲུལ་འཁོར་བཏང་བ་ལས་བྱུང་བ་ཡིན་པ་དེ་ཡང་ལོ་མང་རིང་ཁོ་མོར་སྨན་བཅོས་བྱེད་པར་ཁྱིམ་ནས་སྒོར་ཁྲི་བཅུ་ལྷག་གཏོང་དགོས་བྱུང་བས། མ་གཞི་ནས་དབུལ་པོ་ཡིན་པའི་ཁྱིམ་ཚང་དེའི་ངོས་ནས་བརྗོད་ན་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་རོ། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྨན་ཁང་གི་ཡོན་ཀྲང་སུན་ཡའོ་ལིན་གྱིས་སྐོར་སྐྱོད་སྨན་བཅོས་བྱེད་སྐབས་ཞའོ་ཅང་ཧུའེ་ཡི་གནས་ཚུལ་ཤེས་ནས་ཁོ་མོ་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་འཁྲིད་རྒྱུའི་སེམས་ཐག་བཅད། ཁོང་གིས“ང་ཚོས་གཟའ་འཁོར་གཅིག་ནང་བུ་མོར་གཤགས་བཅོས་བྱེད་རྒྱུ་པ་མ་ཟད། སྨན་རིན་ཚང་མ་སྤྱིར་ན་རྩ་ཆག་བཏང་བའི་རྨང་གཞིའི་ཐོག་སྨན་བཅོས་བྱ་རྒྱུ་ཡིན”ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།