འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས"བྱ་ཐབས་ཁག་བཞི"མཉམ་དུ་བཏོན་ནས"ཀྲུང་གོའི་ལན་པར"གྱི་
    གཏིང་ཤུགས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཝུའེ་ཡིས་སླད་ཕྱིན་མ་དངུལ་ནུས་ལྡན་གཏོང་བ་དང་། ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ། མ་འཇོག་ཁོར་ཡུག་ལེགས་བཅོས་བྱེད་པ།“ནང་དུ་གདན་འདྲེན་པ”དང“ཕྱིར་བསྐྱོད་རྒྱུའི”ཐད་སྤྱི་འདོམས་བྱེད་པ་བཅས་ཕྱོགས་བཞིའི་ཐད་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་བཏང་ནས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་གཏིང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་བཞིན་མེའོ་ཝུའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་མྱུར་བྱེད་རྒྱུའི་སྐོར་གྱི་གནས་ཚུལ་སྙན་སེང་ཞུ་སྐབས་གོང་གསལ་ལྟར་བརྗོད་པ་རེད།
         “རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་གཞི་ཁྱོན་ཆེ་བ་ནས་རྒྱ་སྟོབས་ཆེ་བར་འགྱུར་བའི་དུས་མཚམས་སུ་སླེབས་ཡོད་པས་ཡུན་རིང་ཡག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་འགྱུར་ལྡོག་ཕྱིན་མེད། འོན་ཀྱང་འཕར་ཚད་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག འགུལ་ནུས་གཞན་སྒྱུར་བཅས་ཀྱི་འགྲན་སློང་སྣ་ཚོགས་འཕྲད་ཡོད”ཅེས་མེའོ་ཝུའེ་ཡིས་བརྗོད་པ་དང་། ཁོང་གིས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་བཟོ་སྐྲུན་ལས་རིགས་ལ་ལྡན་པའི་རྨང་གཞི་དང་ལེགས་ཆ་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་བརྗོད་པ་རེད།
         མེའོ་ཝུའེ་ཡིས་སླད་ཕྱིན“ཀྲུང་གོའི་ལན་པར”གྱི་གཏིང་ཤུགས་ཆེ་རུ་གཏོང་བའི“བྱ་ཐབས་ཁག་བཞི”ངོ་སྤྲོད་བྱས་པ་ཏེ།
         —— གཅིག་ནས་སེམས་ཐག་གཙང་བཅད་ངང་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་བྱ་ཐབས་སྤྱད་དེ་དམངས་ཁྲོད་ཀྱི་མ་འཇོག་ཁོར་ཡུག་ལེགས་བཅོས་བྱས་ནས་ཁེ་ལས་ཀྱི་མ་འཇོག་གསོན་ཤུགས་འཕེལ་བ་བྱེད་དགོས། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྒེར་སྡེམ་ལས་རིགས་སྒྱུར་བཅོས་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། གཏན་འཇགས་མ་དངུལ་མགྱོགས་མྱུར་རྙིང་འགྱུར་ཕབ་གཅོག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་ཀྱི་མ་འཇོག་ཐེབས་རྩ་གང་ལེགས་སྤྱད་དེ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་།
         —— གཉིས་ནས“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་རྒྱུ་ཚད་ལྡན་དུ་གཏོང་བ་དང་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་གི་མ་གནས་དམའ་རུ་གཏོང་དགོས། ས་ཆ་མཁོ་འདོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ད་ཡོད་ཀྱི་འཛུགས་སྐྲུན་ས་ཆ་སྤྱད་ནས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། “འགན་བཅོལ་ལྔ་དང་མ་དངུལ་གཅིག”ཟླ་སྒྲིལ་བཏང་ནས་ཁེ་ལས་ཀྱིས་ནུས་རྒྱུ་དང་། ས་ཆ། ལས་མི་བཅས་སྤྱོད་པ་དང་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་བ་དང་། གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་ཚད་ཀྱི་གྲུབ་ཆ་སྟབས་བདེར་གཏོང་དགོས་པ།
         —— གསུམ་ནས་བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས། རིམ་པ་མང་བའི་མ་རྩའི་ཁྲོམ་ར་འཕེལ་རྒྱས་བཏང་ནས་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་པའི་ཐབས་ཤེས་ཕུན་སུམ་ཚོགས་སུ་གཏོང་དགོས། བཟོ་ཚོང་ལས་རིགས་ཀྱི་ཕྱི་དངུལ་འཇུག་འཐུས་ཀྱི་ཚོད་འཛིན་རང་བཞིན་གྱི་བྱ་ཐབས་ཉུང་དུ་གཏོང་དགོས།
         —— བཞི་ནས“ཕྱིར་བསྐྱོད་རྒྱུ”དང་རྒྱལ་ནང་གི་ཐོན་ལས་གོ་རིམ་བཞིན་གཞན་སྒྱུར་བྱེད་རྒྱུར་སྤྱི་འདོམས་བྱེད་དགོས། ལག་རྩལ་སྒྲིག་ཆས་གལ་ཆེན་ནང་འདྲེན་བྱེད་པའི་ཁྲལ་བསྡུའི་སྲིད་ཇུས་དང་འབྲེལ་ཡོད་དཀར་ཆག་སྟབས་བསྟུན་ལེགས་སྒྲིག་བྱེད་དགོས་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།