འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ངང་སེར་གཞི་ཁྱོན་ཆེན་པོས་མཚོ་སྔོན་པོར་འདུ་འཛོམས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ན་ནིང་དགུན་ཁ་ནས་འདི་ལོའི་དཔྱིད་ཀའི་བར་མཚོ་སྔོན་པོར་ངང་སེར་གྲངས་འབོར་ཁྲི་2.6ལྷག་ཙམ་འདུ་འཛོམས་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
          ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྐྱོང་བའི་གཤེར་གཟུགས་གལ་ཆེན་དང་ནུབ་རྒྱུད་བྱེ་ཐང་ཅན་ཤར་རྒྱུད་དུ་མཆེད་རྒྱུར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ཡིན་ལ། ཨེ་ཤེ་ཡ་དབུས་མ་དང་ཤར་མའི་དུས་བྱ་གནས་སྤོའི་ལམ་ཐིག་གཉིས་གཅིག་ཏུ་འདུ་སའང་ཡིན་པས་ལོ་ལྟར་མཚོ་སྔོན་པར་གནས་སྐབས་སྡོད་པའི་དུས་བྱ་རིགས་92དང་གྲངས་འབོར་ཁྲི་20ལྷག་ཙམ་ཡོད་པ་དེ་ནི་ཀྲུང་གོའི་མངའ་ཁོངས་ནང་དུས་བྱ་རྒྱུད་འཕེལ་གྲངས་འབོར་མང་ཤོས་དང་རིགས་ཚོགས་གཅིག་སྡུད་ཆེ་ཤོས་ཀྱི་རྒྱུད་འཕེལ་བྱ་ཡུལ་ཡིན།
         མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞིའི་ཐོག་ནས་2017ལོའི་ཟླ་བ་གསུམ་པའི་དུས་མཇུག་བར་ལས་དོན་མི་སྣས་མཚོ་སྔོན་པོའི་ལྷོ་ངོགས་གསེར་ཆེན་རྫོང་ཅང་སི་ཤང་ཉེ་འགྲམ་གྱི་ཆུ་ཁོངས་སུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཁྱུ་བསྒྲིགས་ནས་སྡོད་པའི་ངང་སེར་གྲངས་འབོར་ཁྲི་2.6ལྷག་ཙམ་ཟིན་པ་ཐོ་བཀོད་ཡོད།
         “དེ་སྔ་ངང་སེར་ཁ་ཤས་མ་གཏོགས་མཚོ་སྔོན་པོར་དགུན་སྒྲོལ་བྱེད་ཀྱི་མེད། ད་ཐེངས་ནི་འདི་ལོའི་དགུན་མཇུག་དང་དཔྱིད་འགོར་ངང་སེར་གཞི་ཁྱོན་ཆེན་པོས་མཚོ་སྔོན་པོར་འདུ་འཛོམས་བྱེད་ཐེངས་དང་པོ་རེད། དབྱེ་ཞིབ་རགས་ཙམ་བྱས་པ་བརྒྱུད་ད་ཐེངས་མཚོ་སྔོན་པོར་གཞི་ཁྱོན་ཆེན་པོས་འདུ་འཛོམས་བྱེད་པའི་ངང་སེར་ནི་ཀྲུང་གོའི་རྒྱལ་ནང་གི་ཀན་སུའུ་དང་སི་ཁྲོན་དུ་དགུན་སྒྲོལ་བྱེད་མཁན་ངང་སེར་གྱི་རིགས་ཚོགས་ཡིན། ཟླ་བ་གཉིས་པའི་ཟླ་མཇུག་ཏུ་ས་གནས་དེ་གཉིས་སུ་གངས་བབས་པའི་རྐྱེན་གྱིས་མཚོ་སྔོན་པོར་སླེབས་པ་ཞིག་རེད”ཅེས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་བརྟག་ཞིབ་པ་ཧོ་ཡུས་པང་གིས་བཤད་པ་རེད།
         “མཚོ་སྔོན་པོའི་ས་གཤིས་ཆ་རྐྱེན་དམིགས་བསལ་ཡིན་པ་དང་ས་འོག་ཆུ་སྤྱིར་ན་ཚ་པོ་ཡོད། དགུན་དུས་ས་ཆ་མང་པོ་གངས་ཁྱགས་ཀྱིས་བསྡམས་ཀྱང་དར་ཆགས་མེད་པའི་ཆུ་མིག་མང་པོ་ཡོད་པས་དུས་བྱར་འཚོ་གནས་ཀྱི་བྱ་ཡུལ་ཡོད”ཅེས་ཧོ་ཡུས་པང་གིས་བཤད་པ་རེད།
         ངང་སེར་སྤྱིར་ན་དཔྱིད་ཀ་ཤར་རྗེས་མཚོ་སྔོན་པོར་ཡོང་བ་དང་མཚོ་འགྲམ་གྱི་འདམ་རའི་ཐོག་ཁ་ཐོར་ནས་སྡོད་ཀྱི་ཡོད། 2012ལོར་ངང་སེར་དེ་རིགས་《འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་》(IUCN)སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་མིང་གཞུང་དམར་པོའི་ནང་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།