འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིས་པེ་ལིའུ་སིའི། ཧྥིན་ལན་གྱི་རོལ་དབྱངས།

    ཝང་ཅིས་ཡན་གྱིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མཐའ་ཡས་སྙན་དབྱངས་རྒྱ་མཚོའི་ཁྲོད། རེང་·ཤིས་པེ་ལིའུ་སི་ནི་རང་ཉིད་ཀྱི་མེས་རྒྱལ་ཧྥིན་ལན་དང་འབྲེལ་བ་དམིགས་བསལ་ཡོད་པ་ཞིག་ཡིན། ཁོང་གི་ཕྱག་སོར་ལས་ཐོན་པའི་སྙན་འཇེབས་ཀྱི་རོལ་དབྱངས་ཀྱིས་རོལ་དབྱངས་ལ་དགའ་བའི་འཛམ་གླིང་གི་སྐྱེ་བོའི་མིག་ལམ་ལ་ཡིད་དུ་འོང་བའི་ཧྥིན་ལན་གྱི་རི་ཆུ་ཞིག་སྣང་ནས་སྤྲོ་སེམས་འཕེལ་ཞིང་ལྷིང་འཇགས་པའི་ཧྥིན་ལན་གྱི་མི་རིགས་ཀྱི་སེམས་པ་ཞིག་མཚོན་པར་བྱས་ཡོད།
          “《ཧྥིན་ལན་ལ་བསྔགས་པ་》ཞེས་པས་ཧྥིན་ལན་དུ་བཟུང་བའི་གནས་བབ་ནི་ཅེ་ཁེ་རུ་བཟུང་བའི་《ཨོར་ཐེ་ཝ་ཆུ་བོ་》དང་གཅིག་མཚུངས་ཡིན”ཞེས་རོལ་དབྱངས་རིག་པའི་མཁས་དབང་གཡོད་སེ་ཧྥུའུ་·སྨེ་ཁེ་ལི་སིས་དཔེ་དེ་ལྟར་བཀོད། ཨུ་རུ་སུའི་ཀེ་ལིན་ཁཱ་དང་། ཅེ་ཁེའི་སི་མེ་ཐ་ན། ནོར་ཝེའི་ཀེ་ལི་ཀེ་དང་འདྲ་བའི་མི་རིགས་རིང་ལུགས་ཀྱི་རོལ་དབྱངས་ཀྱི་འཐུས་ཚབ་རྩོམ་པ་པོའི་གྲས་ཡིན་པའི་ཤིས་པེ་ལིའུ་སིའི་རོལ་དབྱངས་དེ་རང་ཉིད་ཀྱི་མེས་རྒྱལ་གྱི་ས་གཞི་གཤིན་པོར་གཞིས་ཚུགས་ནས་ཧྥིན་ལན་གྱི་ལོ་རྒྱུས་དང་། གཏམ་རྒྱུད། རིག་གནས་བཅས་ཀྱི་སྲོལ་རྒྱུན་དང་དེ་བཞིན་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་དམ་པོར་འབྲེལ་ཞིང་། རང་རང་གི་མེས་རྒྱལ་ལ་བསྟོད་ཚིག་འབུལ་བའི་རོལ་དབྱངས་མཁས་པ་གཞན་དང་མི་འདྲ་བ་ནི་ཤིས་པེ་ལིའུ་སིའི་རོལ་དབྱངས་ཀྱིས་མེས་རྒྱལ་གྱི་རང་བཙན་དང་རང་དབང་ལ་བཅངས་པའི་འདུན་པ་དང་འཐབ་རྩོད་ཀྱི་སྤྲོ་སེམས་སྔར་ལས་ལྷག་པ་མངོན་གྱི་ཡོད།
         མི་རིགས་ཤིག་གི་སྐད་སྒྲ་ལྷག་པར་མངོན་པའི་བརྩམས་ཆོས་ནི་《ཧྥིན་ལན་ལ་བསྔགས་པ་》ཞེས་པ་དེ་ཡིན།
         དུས་རབས་ཕྱེད་ཙམ་ཕྱིན་རྗེས་ཀྱི་ཤིས་པེ་ལིའུ་སིའི་མེས་རྒྱལ་ཧྥིན་ལན་ལ་རང་བཙན་ཐོབ་ནས་ལོ་བརྒྱ་འཁོར་བའི་དྲན་གསོའི་ཉིན་མོ་འཁོར་ཉེའི་མཚམས་སུ་《ཧྥིན་ལན་ལ་བསྔགས་པ་》ཞེས་པའི་འཐབ་རྩོད་ཀྱི་ནང་དོན་དེ་ཙམ་ཤུགས་དྲག་པོ་མེད་པ་ཆགས་ནའང་ད་ཆ་སྐྱེ་བོ་ཀུན་གྱིས་ངག་ཏུ་ལེན་པའི་འཛམ་གླིང་གི་རོལ་དབྱངས་གྲགས་ཅན་ཞིག་ཏུ་གྱུར་ཡོད།
         ཤིས་པེ་ལིའུ་སི་ནི་སྐྱེ་བོའི་མིག་ལམ་དུ་མི་རིགས་ཀྱི་རོལ་དབྱངས་མཁས་པ་ཞིག་ཡིན་ནའང་། དུས་མཉམ་དུ་བྱོན་པའི་ཀུའུ་སི་ཐ་ཕུའུ་·མཱ་ལེ་དང་། ལི་ཁྲ་·ཧྲི་ཐེ་ལའོ་སི་དང་མི་འདྲ་བར་གྱུར་པ་ནི། ཤིས་པེ་ལིའུ་སི་རླབས་ཆེ་བའང་འདི་ཡང་ཡིན། ཁོང་མི་རིགས་དང་མེས་རྒྱལ་ལ་བསྟོད་བསྔགས་འབུལ་མཁན་ཙམ་མ་ཟད། ཁོང་གི་བརྩམས་ཆོས་ཀྱིས་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སྙིང་སྟོབས་མཚོན་ཚུལ་དང་འཚོལ་ཞིབ་བྱེད་ཚུལ་བསྟན་པས་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་དུས་རབས་ཉི་ཤུ་པའི་རོལ་དབྱངས་མཁས་པ་ཞིག་ཏུ་གྱུར་ཞིང་། ཁོང་གི་རོལ་དབྱངས་དེ་ཧྥིན་ལན་ལ་བདག་ལ་འགྲོ་བ་མིའི་རིགས་ཚང་མར་བདག་པ་ཞིག་ཀྱང་ཡིན།
         ཤིས་པེ་ལིའུ་སི་ནི་1865ལོའི་ཟླ་12ཚེས་8ཉིན་ཧྥིན་ལན་གྱི་ཧའེ་མོན་ལིན་ནར་འཁྲུངས་པ་དང་། 1957ལོའི་ཟླ་9ཚེས་20ཉིན་གཡོད་ཝུན་ཕ་དབྱིར་གྲོངས། ཁོང་དགུང་ལོ་92འཚོ་ཞིང་གཞེས་པ་ནི་མོ་ཀྲ་ཐེ་དང་ཧྲུའུ་པོའོ་སོགས་སྐུ་ན་གཞོན་དུས་ནས་གྲོངས་པའི་སྔོན་རབས་མཁས་དབང་དང་བསྡུར་ན་མངོན་གསལ་གྱིས་སྐུ་ཚེ་རིང་པོ་བཞུགས་ཡོད། ཁོང་འབྱོར་འབྲིང་ཁྱིམ་ཚང་དུ་འཁྲུངས་པ་དང་དར་མར་མ་སོན་པའི་སྐབས་ནས་མཚན་སྙན་རྒྱས་ནའང་རྗེས་རབས་པས་ངག་རྒྱུན་དུ་གླེང་བའི་གཏམ་ངོ་མཚར་བ་མང་པོ་མེད་པས། རོལ་དབྱངས་མཁས་པར་འཆར་ཡན་དང་སྐྱོ་སྣང་ཆེར་འཛིན་མཁན་ཚོའི་བློ་ཕམ་གྱི་གནས་སུ་གྱུར། ཁོང་མ་གྲོངས་གོང་གི་ལོ་26ནང་བརྩམས་ཆོས་གང་ཡང་བྱུང་མེད་པ་མི་མང་པོའི་བསམ་བློར་རྟོགས་དཀའ་བར་འགྱུར། ཤིས་པེ་ལིའུ་སིས་རྩོམ་གནང་བའི་རོལ་དབྱངས་ཀྱིས་ཁོང་དང་ཁོང་གི་མེས་རྒྱལ་ཧྥིན་ལན་གྱི་རོལ་དབྱངས་ཀྱི་རྨང་གཞི་བཏིང་བ་མ་ཟད། འཛམ་གླིང་རོལ་དབྱངས་ཁྲོད་ཀུན་གྱིས་སྣང་ཆུང་བྱེད་མི་རུང་བའི་གནས་བབ་གལ་ཆེན་ཞིག་ཀྱང་བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།