འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་རི་རིང་པོ། ཤེས་དཔལ་གྱི་འབྲེལ་ཟམ།

    ཀྲང་དབྱི་མོང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2017ལོར་དབྱིན་ཇིའི་ཧ་ཏེ་ལེའང་ལྕགས་རི་རིང་པོ་ཤུལ་བཞག་ཨུ་ལྷན་གྱི་ཀྲུའུ་ཞི་ཧན་མུའུ་ཧྥོ་ལུའེ་·ཝེའར་ཧྥེར་གྱིས་ཀྲུང་གོར་ཐེངས་དང་པོ་ཡོང་ཡོད། སྨྱུག་འཛིན་པ་ཉིད་ཀྲུང་གོའི་ལྕགས་རི་རིང་པོ་སྲུང་སྐྱོང་ཞིབ་འཇུག་སྒྲིག་གཞིའི་འཐུས་མི་ཡིན་པའི་ངོས་ནས་ཝེའར་ཧྥེར་དང་མཉམ་དུ་པ་ཏ་ལིན་ལྕགས་རི་རིང་པོར་འཛེགས་པ་ཡིན། དགུང་གྲངས་བདུན་ཅུར་སླེབས་པའི་ཝེའར་ཧྥེར་ཉིད་བྱིས་པ་ལོ་བརྒྱད་དང་འདྲ་བར་སེམས་ནང་གི་སྤྲོ་སྣང་འགོག་ཐབས་བྲལ་བའི་སྒོ་ནས་ཁྱད་ཆོས་ལྡན་པའི་ཤུལ་བཞག་ཅིག་ཏུ་སླེབས་རིམ་བཞིན་ཁོང་གིས་ཧང་སངས་བའི་སྒོ་ནས་ལྕགས་རི་རིང་པོའི་ལོ་རྒྱུས་དང་སྲུང་སྐྱོང་དོ་དམ་གྱི་ལས་ཀའི་འབྲེལ་ཡོད་སྐོར་དྲིས་པ་མ་ཟད། པར་ཆས་བཏོན་ལ་པར་རྒྱག་བཞིན་དུ“རླབས་ཆེ་བ་ལ་ཨང”དང་། “ཧ་ཅང་མཛེས་པོ་འདུག”“ངའི་ཚ་བོར་པར་རྣམས་མིག་བསྟན་གྱི་ཡིན”ཞེས་ཡང་ཡང་བརྗོད། ཝེའར་ཧྥེར་གྱིས་ཐ་ན་ཀུ་རེའི་སྒོ་ནས“ད་ནས་ཧ་ཏེ་ལེའང་ལྕགས་རི་རིང་པོར་རང་ཉིད་ཧང་སངས་ཀྱི་མི་འདུག”ཅེས་ཤོད་ཀྱི་ཡོད་པ་རེད།
          རླབས་ཆེན་གྱི་ཤེས་དཔལ་ལ་ཐུན་མོང་གི་ཆ་མང་པོ་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་ཆ་དང་མི་འབོར་མང་པོ་ལས་དྲང་ནུས་སྟོབས་ཆེན་དང་གཟི་བརྗིད་ཆེན་པོ་བྱུང་བ་དང་དུས་མཚུངས་འདྲ་མཚུངས་ཀྱི་ཉམས་ཉེན་ཡང་ཡོད། སྤྱི་ལོའི་དུས་རབས་དང་པོའི་གོང་དུ་ཧན་རྒྱལ་རབས་ཀྱིས་བྱང་ཕྱོགས་ཀྱི་འཇིགས་ཉེན་རྩ་མེད་དུ་བཏང་ཡོད། དེ་དང་ཕྱོགས་མཚུངས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་ཕྱོགས་གཞན་ཞིག་ཏུ་རོ་མ་བཙན་རྒྱལ་ཡང་དར་རྒྱས་ཆེན་པོ་བྱུང་ཡོད། པུའུ་ལེ་ཏེན་ཧྲེང་དུ་སྐོར་སྐྱོད་བྱེད་བཞིན་པའི་རྒྱལ་པོ་ཧ་ཏེ་ལེའང་གིས་དཔུང་ཚོགས་དགུ་པ་མདུན་སྐྱོད་མི་བྱེད་སྐབས་བྱང་ཕྱོགས་ཀྱི་ཧམ་ཤེད་མི་རིགས་ཀྱིས་ཚུར་རྒོལ་བྱེད་མིན་ཐད་བསམ་བློ་མི་གཏོང་ཀ་མེད་བྱུང་ཡོད། ལོ་དྲུག་གི་རྗེས་སུ་པུའུ་ལེ་ཏེན་གླིང་ཕྲན་གྱི་དབུས་རྒྱུད་བརྒྱུད་པའི་ཁྱོན་ཡོངས་ཀྱི་རིང་ཚད་ལ་དབྱིན་ལེ་100(སྤྱི་ལེ་160)ལས་བརྒལ་བ། མཁར་སྒོ་45ཡོད་པ། མཁར་རྫོང་དང་མཆོད་རྟེན་དབྱིབས་ཅན་གྱི་ཐོག་ཁང་བརྒྱ་ཕྲག་བཅས་ལས་གྲུབ་པའི“ཧ་ཏེ་ལེའང་ལྕགས་རི་རིང་པོ”བསྐྲུན་ཡོད་པ་རེད།
         གོང་མ་ཧ་ཏེ་ལེའང་གི་སེམས་ཁྲལ་དེ་ཚོ་དོན་མེད་ཅིག་རེད།
         གལ་སྲིད་ང་ཚོས་ཚད་ལྡན་ཡིག་ཆ་ལྟ་ཀློག་བྱས་ཚེ་ཧ་ཏེ་ལེའང་ལྕགས་རི་རིང་པོ་བསྐྲུན་རྗེས་ཀྱི་དུས་རབས་གཉིས་ནང་སྤྱིར་ན་དམག་འཁྲུག་གཏན་ནས་བྱུང་མྱོང་མེད་ལ་གཏམ་རྒྱུད་དང་། ཤོད་རྒྱུན། རྩོམ་རིག་བརྩམས་ཆོས་བཅས་གང་གི་ཁྲོད་དུའང་དེའི་སྐོར་འཁོད་མྱོང་མེད། ལྕགས་རི་དེ་ཉིད་བཙན་རྒྱལ་གྱི་མཚོན་བྱེད་དུའང་འགྱུར་མྱོང་མེད། རོ་མ་བཙན་རྒྱལ་ཉམས་རྒུད་དུ་ཕྱིན་རྗེས་ཀྱི་དུས་རབས་འགའ་ཤས་ནང་ཧ་ཏེ་ལེའང་ལྕགས་རི་རིང་པོའི་གཞོགས་གཉིས་འབྲེལ་ནས་དབྱིན་ཇི་རྒྱལ་ཁབ་གཅིག་ལ་གྱུར་ཡོད།
         ཤར་ཕྱོགས་ཀྱི་ལྕགས་རི་རིང་པོ་ཉིད་ཤེས་དཔལ་མཚོན་བྱེད་དུ་འགྱུར་ནས་དམུ་རྒོད་རིགས་བཀག་ཅིང་། རོ་མ་བས་ཀྱང་མི་རྣམས་ལྕགས་རིའི་ནང་ངོས་ཀྱི“སྤྱི་དམངས”དང་ཕྱི་ངོས་ཀྱི“ཧམ་ཤེད་མི་རིགས”ཞེས་དབྱེ་ཡོད། ལྕགས་རི་རིང་པོ་བསྐྲུན་མཁན་མི་རིགས་ཀྱིས་རང་ཉིད་འཛམ་གླིང་གི་ལྟེ་བར་གནས་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་རྒྱལ་མཚམས་དང་ས་བཀྲར་མ་བལྟོས་པར་སྐམ་ས་ཆེན་པོ་རྙིང་པ་ཉིད་སྤྱི་ཡོངས་ཤིག་ལ་བསམས་ཚེ། གཞི་ནས་སྔོན་ཆད་ཀྱི་འོད་སྟོང་འཕྲོ་བའི་ཆིན་ཧན་དང་བླ་ན་མ་མཆིས་པའི་རོ་མ་ཡིས“མཐའ་མཚམས”གཉིས་བཟུང་བ་ཙམ་ཡིན་པ་ཤེས་རྟོགས་ཐུབ།
          རོ་མ་བཙན་རྒྱལ་ཚུགས་ནས་དུས་རབས་ཕྱེད་ཙམ་སོང་རྗེས་གཞི་ནས་པུའུ་ལེ་ཏེན་ཧྲེང་བྱུང་ཡོད། ཧན་རྒྱལ་ཁབ་ཆེ་མོ་བཙུགས་ནས་ལོ་80སོང་རྗེས་རྨ་ནུབ་ཁྱམས་རིང་དུ་ཀྲུང་གོའི་དར་ཆ་དེ་གཞི་ནས་ཤུང་ནུའུ་ལ་རྒོལ་ལན་སློག་པའི་དུང་བརྡའི་ཁྲོད་བསྒྲེང་བ་རེད། རྒྱ་གྲམ་དམག་དཔུང་ཨ་རབ་ལ་ཕྱོགས་ནས་དཔུང་འཇུག་བྱེད་སྐབས་སྔོན་ཐོན་ཡིན་པའི་དབྱི་སི་ལམ་ཤེས་དཔལ་གྱིས་ཡོ་རོབ་ལ་རོགས་པ་བྱས་ནས་དུས་རབས་དཀྱིལ་མའི་འཆིང་རྒྱ་གཏོར་ཡོད། ཧེང་ལུའོ་སི་གཡུལ་འགྱེད་ནང་ཐང་རྒྱལ་རབས་ཀྱི་ལག་ནས་ཨེ་ཤེ་ཡ་དབུས་མ་ཤོར་བ་དང་འབྲེལ་ཤར་ཕྱོགས་ཀྱི་གསར་གཏོད་ཆེ་བཞི་འཛམ་གླིང་ལ་དར་བ་རེད།
          ལོ་རྒྱུས་ལས་ལྕགས་རི་རིང་པོས་ཕྱི་ནང་འགོག་མི་ཐུབ་པ་ར་སྤྲོད་བྱུང་ཡོད། རོ་མའི་དཔུང་ཚོགས་ཁྲོད་ཀྱི་ཀོ་ཐེ་བ་དང་། ཧན་རྒྱལ་ཁབ་ཀྱི་རྟ་དམག་ཁྲོད་ཀྱི་ཤུང་ནུའུ་བ་ནི“ང་ཚོ”ཡིན་ནམ་ཡང་ན“ཁོང་ཚོ”ཡིན་པ་རྟོགས་ཐབས་བྲལ། སྤྱི་ལོའི་དུས་རབས་5པར་ཀྲུང་ཡོན་དུ་སྡོད་མཁན་ཤན་པིའི་དཔའ་རྒོད་ཚོས་ཀྱང་རང་ཉིད་ཀྱི་ལྕགས་རི་རིང་པོ་བསྐྲུན་འགོ་ཚུགས་ནས་ལྕགས་རི་རིང་པོའི་ཕྱི་ནང་མཐར་གཞི་གཅིག་ཏུ་གྲུབ་ཡོད།
          དབྱིན་ཇིའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་གཡོད་སེ་ཕུའུ་·ལུའོ་ཏེ་ཡ་ཏེ་·ཅི་པུའུ་ལིན་གྱིས“རང་ཉིད་འཛམ་གླིང་གི་མཐའ་ལ་སླེབས་པའི་ཚོར་སྣང་ཡོང་སྐབས་ཡུལ་ཞིག་ནས་ཐབ་ནས་དུ་བ་འཕྱུར་བ་མཐོང་ཐུབ། དེ་གར་ཁང་པ་དང་། དགོན་པ། ཚོང་ཁང་། ཟློས་གར་ཁང་། བང་མཛོད་སོགས་གྲངས་ལས་འདས་པ་ཡོད་པ་དེ་དག་ལྕགས་རི་རིང་པོའི་གཤམ་འོག་ཏུ་འགྲམས་ནས་གནས་ཡོད”ཅེས་བྲིས་མྱོང་ཡོད་པ་དང་། སྔོན་ཆད་ཀྱི་མཐའ་མཚམས་དག་ད་ཆ་ཁྱིམ་གཞིས་ལ་འགྱུར་ཡོད།
         དེ་དུས་གོང་མ་ཧ་ཏེ་ལེའང་གིས་བཙན་རྒྱལ་གྱི་རླབས་ཆེ་བའི་ལྕགས་རི་དག་ད་ཆའི་ཞིག་རོ་དེ་ལྟ་བུར་འགྱུར་བ་ཡིད་ལའང་འཁོར་མི་སྲིད། རང་ཉིད་ཀྱི་པུའུ་ལེ་ཏེན་ཧྲེང་ཡང་གཞན་གྱི་མངའ་འོག་ཏུ་གྱུར་སྲིད་པའང་བསམ་ཡུལ་ལས་འདས། ཁོང་ཚོས་ཞིག་རོར་གྱུར་པའི་ལྕགས་རི་དེ་དག་རང་ཉིད་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ལ་བརྩིས་ནས་ཞིབ་འཇུག་དང་སྲུང་སྐྱོབ་ཞིབ་ཚགས་བྱེད་པའང་དེ་བས་བསམ་ཡུལ་ལས་འདས་པ་ཞིག་རེད།
          དེང་རབས་དབྱིན་ཇི་བས་1880ལོ་ནས་བཟུང་ཧ་ཏེ་ལེའང་ལྕགས་རི་རིང་པོར་སྲུང་སྐྱོང་དང་དོ་དམ་བྱ་རྒྱུར་དོ་ཁུར་བྱས་པ་དང་འབྲེལ་1928ལོར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཁྱབ་ཁོངས་སུ་བཅུག་ཡོད། ཁོང་ཚོས་གནའ་ཤུལ་སྤྱི་གླིང་དང་ཆེད་དོན་དོ་དམ་སྒྲིག་གཞི་བསྐྲུན་ནས་ལྕགས་རིའི་རྗེས་ཤུལ་ནས་རྒྱལ་ཁབ་ཀྱི་བགྲོད་ལམ་བསྐྲུན་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བསུ་ཡི་ཡོད།
         ད་ཆ་དབྱིན་ཇིའི་ཧ་ཏེ་ལེའང་ལྕགས་རི་སྲུང་སྐྱོང་སྒྲིག་གཞིས་བྱང་ཆུབ་པའི་སྒོ་ནས་ལྕགས་རི་སྲུང་སྐྱོང་དང་འབྲེལ་ཡོད་ཀྱི་རྙོག་འཛིང་ཆེ་བའི་གནས་ཚུལ་མང་པོ་ཐག་གཅོད་ཐུབ་པ་དང་། ལམ་ཐིག་རྒྱུད་ཀྱི་གྲོང་ཁྱེར་3དང་རྫོང་12དང་སྲིད་གཞུང་གི་སྲིད་འཛིན་ཁུལ་གཉིས་ཀྱི་མི་སྒེར་གྱི་ས་ཆ་90%དང་སྒྲིག་གཞི་50ལྷག་ཙམ་དང་སྒེར་བདག་700ལྷག་ཙམ་དང་མཐུན་སྦྱོར་དང་སྤེལ་རེས་བྱས་ཡོད།
         ཀྲུང་གོའི་ལྕགས་རི་རིང་པོ་དེ་ཧ་ཏེ་ལེའང་ལྕགས་རི་རིང་པོ་དང་བསྡུར་ན་དེ་བས་རྒྱ་ཆེ་ཞིང་རྙོག་འཛིང་ཆེ་བ་ཡོད་ལ། སྲུང་སྐྱོང་གི་ལས་དོན་སྒྲུབ་ཡུན་ཡང་དུས་རབས་ཕྱེད་ཀ་ལྷག་ཙམ་རྗེས་སུ་ལུས་ཡོད། 1987ལོར་དབྱིན་ཇིའི་ཧ་ཏེ་ལེའང་ལྕགས་རི་རིང་པོ་དང་ཀྲུང་གོའི་ལྕགས་རི་རིང་པོ་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པས་ཀྲུང་གོའི་ལྕགས་རི་རིང་པོའི་སྲུང་སྐྱོང་ལས་དོན་དངོས་སུ་འགོ་བཙུགས་ནས་མགྱོགས་མྱུར་ངང་རྗེས་ཟིན་ཐབས་བྱས་པ་རེད།
         མིག་སྔར་གྲོལ་བའི་ཀྲུང་དབྱིན་རིག་གནས་ཤུལ་བཞག་གི་མཐོ་རིམ་གླེང་སྟེགས་ཐོག་ཝེའར་ཧྥེར་གྱིས་ཀྲུང་གོའི་ཆེད་ལས་ལྕགས་རི་རིང་པོ་སྲུང་སྐྱོང་དོ་དམ་ལས་ཁུངས་དང་ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་ལྕགས་རི་རིང་པོའི་རྣམ་གྲངས་ཚོགས་ཆུང་གི་མཁས་དབང་རྣམས་དང་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་བྱས་པ་རེད། ཕྱོགས་གཉིས་པོའི་མཁས་དབང་སོ་སོས་ཀྲུང་གོའི་ལྕགས་རི་རིང་པོ་དང་དབྱིན་ཇིའི་ཧ་ཏེ་ལེའང་ལྕགས་རི་རིང་པོའི་ཤུལ་བཞག་སྲུང་སྐྱོང་གི་དོ་དམ་ཉམས་མྱོང་གླེང་བ་དང་འབྲེལ་འབྱུང་འགྱུར་གྱི་རྒྱལ་སྤྱིའི་མཉམ་ལས་ཐད་གྲོས་བསྡུར་ཡང་གང་ལེགས་བྱས་པ་རེད།
         སྤེལ་རེས་བརྒྱུད་སྨྱུག་འཛིན་པས་ཧ་ཏེ་ལེའང་ལྕགས་རི་རིང་པོ་དང་ཀྲུང་གོའི་ལྕགས་རི་རིང་པོར་ལོ་རྒྱུས་དང་དེ་བཞིན་དོ་དམ་སོགས་ཕྱོགས་མང་པོའི་ཐད་ལ་ཧ་ལས་དགོས་པའི་འདྲ་མཚུངས་ཀྱི་ཆ་ཡོད་པ་ཚོར་བྱུང་།
         དུས་རབས་21པར་པུའུ་ལེ་ཏེན་གླིང་ཕྲན་དང་རྨ་ནུབ་ཁྱམས་རིང་ནི“རྒྱུད་གཅིག་ལམ་གཅིག”གི་ཕ་རོལ་དང་ཚུ་རོལ་དུ་གྱུར་ཡོད། གནའ་སྔ་མོ་ཕྱོགས་གཉིས་པོས་ཕན་ཚུན་འཛམ་གླིང་གི་མཐའ་ལྟ་བུར་བསམ་ནའང་ད་ཆ་ཁྱིམ་མཚེས་ལྟ་བུ་ཐག་ཉེ་པོ་ཡོད། མདོར་ན་མིའི་རིགས་ཡོངས་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱི་སྨོན་འདུན་ཞུ་བ་ལས་མདའ་གྲི་མདུང་གསུམ་ཐོགས་ནས་དམར་འཛིང་བྱ་རྒྱུ་མིན་ཞེས་ཡང་བསྐྱར་འབོད་སྐུལ་བྱ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།