འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་རྒྱལ་ཡོངས་སུ་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་
    གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན་སློབ་གསོ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་《མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུའི་འགག་སྒྲོལ་འཆར་གཞི་(2017ལོ་ནས་2020ལོའི་བར་)》ཡི་ནང་དུ་2020ལོར་སླེབས་སྐབས་རྒྱལ་ཡོངས་སུ་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་བཏང་ནས་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ཚོས་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་བཟང་པོ་དང་ལེན་བྱ་རྒྱུའི་དགོས་འདུན་དང་མཐུན་པར་བྱ་དགོས་ཞེས་བཏོན་པ་རེད།
         སློབ་གསོ་པུའུ་ཡི་རྨང་གཞིའི་སློབ་གསོའི་འགོ་འཛིན་ལུའི་ཡུས་ཀང་གིས་ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱི་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། 2016ལོར་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོར་སློབ་ཞུགས་ཚད་87.5%ཟིན་མོད། འོན་ཀྱང་དབུས་རྒྱུད་དང་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་དུ་སློབ་གསོའི་ཐོན་ཁུངས་མི་འདང་བ་དང་ཁྱབ་གདལ་དུ་གཏོང་ཚད་དམའ་བས། འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་མངོན་གསལ་རྗེས་ལུས་ཐེབས་པ་རེད། དེ་དང་དུས་མཚུངས་སུ་ཤར་རྒྱུད་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དུའང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོའི་བར་མཐུན་སྦྱོར་མིན་པ་སོགས་ཀྱི་གནད་དོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        ལུའི་ཡུས་ཀང་གིས“2020ལོར་སླེབས་དུས་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུའི་དུས་ཡུན་ཐུང་ཞིང་ལས་འགན་ལྕི་བས། ངེས་པར་དུ་དཀའ་གནད་སྒྲོལ་བ་སྒྲིག་འཛུགས་ལག་བསྟར་བྱ་དགོས་པ།” དཀའ་གནད་སྒྲོལ་བའི་འཆར་གཞི་ཡིས"ལོ་ལྔ་ཚན་བཅུ་གསུམ་པའི"རིང་རང་རྒྱལ་དུ་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུའི་ལས་དོན་གོ་རིམ་ལྡན་པའི་ཇུས་འགོད་བྱས་ཡོད་ཅིང་། 2020ལོར་སླེབས་དུས་རྒྱལ་ཡོངས་སུ་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུའི་སྤྱིའི་དམིགས་ཡུལ་དང་དམིགས་ཡུལ་བྱེ་བྲག་པ་5བཏོན་ཡོད་པ་རེད། དམིགས་ཡུལ་བྱེ་བྲག་པར་རྒྱལ་ཡོངས་དང་ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)བཅས་ཚང་མར་སློབ་ཞུགས་ཚད་90%ཡན་ཟིན་པར་བྱ་རྒྱུ་དང་། དབུས་རྒྱུད་དང་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་དུ་སློབ་ཞུགས་ཚད་མཐོ་རུ་མངོན་གསལ་གཏོང་རྒྱུ་དང་གཅིག མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་གྲུབ་ཚུལ་སྔར་ལས་ལུགས་དང་མཐུན་པར་འགྱུར་བར་བྱ་རྒྱུ་དང་། སློབ་མ་བསྡུ་བའི་གཞི་རྒྱ་ཧ་ལམ་གཅིག་མཚུངས་ཡིན་པ་བྱ་རྒྱུ་དང་གཉིས། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱས་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་གཞི་རྩའི་དགོས་མཁོ་སྐོང་ཐབས་བྱ་རྒྱུ་དང་གསུམ། གྲོན་དངུལ་འཇོག་པའི་སྲོལ་སྔར་ལས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་བཞི།  སློབ་གསོའི་སྤུས་ཚད་མཐོ་རུ་མངོན་གསལ་གཏོང་རྒྱུ་དང་། སློབ་གཉེར་ཁྱད་ཆོས་སྔར་ལས་མངོན་གསལ་ལྡན་པ། མི་རྣམས་ཀྱི་ཡིད་སེམས་འགུགས་ཤུགས་སྔར་ལས་ཆེ་བ་བཅས་བྱ་རྒྱུ་དང་ལྔ་བཅས་རེད་ཅེས་བཤད་པ་རེད།
         ལུའི་ཡུས་ཀང་གིས་ངོ་སྤྲོད་བྱས་པར་ལྟར་ན། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་དཀའ་གནད་སྒྲོལ་བའི་འགག་རྩ་ནི་གཞི་རྩ་འགན་སྲུང་དང་། མི་འདང་སར་ཁ་གསབ། འདྲ་མཉམ་ལ་སྐུལ་སྤེལ་བཅས་བྱ་དགོས་པ་དང་། གཙོ་གནད་ནི་དབུས་རྒྱུད་དང་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་དང་། མི་རིགས་ས་ཁུལ། བས་མཐའི་ས་ཁུལ། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་སོགས་ས་ཁུལ་རིགས་བཞིའི་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱ་དགོས་པ་དང་། ཁྱིམ་དུད་ཀྱི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མ་དང་། སློབ་མ་དབང་པོ་སྐྱོན་ཅན། གྲོང་ཁྱེར་དུ་ལས་གཉེར་བྱེད་པར་སྐྱོད་པའི་མི་སྣས་ཁྲིད་པའི་བུ་ཕྲུག་སོགས་མི་ཚོགས་རིགས་གསུམ་གྱི་སློབ་གསོ་ཐོབ་པའི་དབང་ཆ་འགན་སྲུང་བྱ་དགོས་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་འཛིན་གྲྭ་རེའི་སློབ་མ་མང་དྲགས་པ་དང་། ལས་རིགས་སློབ་གསོའི་སློབ་མ་བསྡུ་ཚད་རྒྱུན་མཐུད་ངང་ཉུང་དུ་འགྲོ་བ། སློབ་གྲྭ་འཁོར་སྐྱོད་བྱེད་དཀའ་བ་སོགས་འབུར་ཐོན་གྱི་གནད་དོན་རིགས་གསུམ་ཐག་གཅོད་ལེགས་པོ་བྱ་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།