འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་གཡས་རུའི་ཕྱོགས་གཏོགས་ཀྱིས་ལོ་ཆུང་བྱིས་པར“ཀླད་ཁྲུད”སློབ་གསོ་
    གཏོང་གི་ཡོད་པས་དོགས་ཟོན་བྱེད་དགོས་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རི་པིན་གྱི་འགོག་སྲུང་བློན་ཆེན་ཏའོ་ཐན་ཕེང་མེའི་འབྲེལ་ཡོད་གཏམ་བཤད་སྐོར་ལ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་16ཉིན་རི་པིན་གྱི་གཡས་རུའི་ཕྱོགས་གཏོགས་ཀྱིས་མངོན་སུམ་འཛེམ་མེད་ངང་སློབ་གསོའི་སྒྲིག་གཞི་བརྒྱུད་ལོ་ཆུང་བྱིས་པར་དམག་རྒྱལ་རིང་ལུགས་ཀྱི་བསམ་བློ་བརྒྱུད་སྤྲོད་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་རི་པིན་རྒྱལ་ནང་གི་དཔྱོད་ལྡན་མི་སྣས་དོགས་ཟོན་བྱེད་དགོས་པ་ཞིག་ཡོད་ཅེས་བཤད་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་ཉེ་ཆར་རི་པིན་སེན་ཡིའུ་སློབ་གྲྭས་ཆེས་གཡས་རུའི་སློབ་གསོ་ཁྱབ་གདལ་བཏང་བ་དེས་བྱིས་པའི“ཀླད་ཁྲུད”དོན་རྐྱེན་རིམ་བཞིན་དར་ཡོད། སློབ་གྲྭ་དེས་བྱིས་པར“དམག་འཁྲུག་གོང་གི་སློབ་གསོ”ཁྱབ་གདལ་གཏོང་བ་དང་། དམག་གླུ་ལེན་དུ་འཇུག་པ། གནམ་བསྐོས་གོང་མ་མིང་ཀྲེའི་སློབ་གསོའི་གདམ་ངག་ངག་སྐྱོར་གཏོང་དུ་འཇུག་པ་བཅས་བྱེད་ཀྱི་ཡོད། ཏའོ་ཐན་ཕེང་མེས་རྒྱལ་ཚོགས་ཐོག་རྩོད་གླེང་བྱེད་སྐབས“སློབ་གསོའི་གདམ་ངག་གི་ནང་དོན་གཙོ་བོ་དག་སླར་གསོ་བྱེད་དགོས”ཞེས་བརྗོད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
         ཧྭ་ཁྲུན་ཡིང་གིས། དེས་སླར་ཡང་རི་པིན་རྒྱལ་ནང་དུ་སྔར་ནས་ད་བར་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་མི་འདོད་པ་དང་། རང་སྐྱོན་རང་བརྟག་བྱེད་མི་འདོད། བཙན་འཛུལ་དམག་འཁྲུག་སྤེལ་བའི་ཉེས་འགན་འཁུར་མི་འདོད་པ། ཐ་ན་དེ་སྔའི་ལོ་རྒྱུས་གྱོད་ལོག་རྒྱག་རྒྱུའི་རེ་ངན་བཅངས་པ། དམག་རྒྱལ་རིང་ལུགས་ཀྱི་ལམ་རྙིང་པར་བསྐྱར་དུ་བསྐྱོད་པ་བཅས་ཀྱི་ཕྱོགས་གཏོགས་ཤིག་གནས་པ་མངོན་ཡོད། ཕྱོགས་གཏོགས་དེ་རིགས་ཀྱིས་མངོན་སུམ་འཛེམ་མེད་ངང་སློབ་གསོའི་སྒྲིག་གཞི་བརྒྱུད་ལོ་ཆུང་བྱིས་པ་ཚོར་དམག་རྒྱལ་རིང་ལུགས་ཀྱི་བསམ་བློ་བརྒྱུད་སྤྲོད་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་རི་པིན་རྒྱལ་ནང་གི་དཔྱོད་ལྡན་མི་སྣས་དོགས་ཟོན་བྱེད་དགོས་པ་ཞིག་ཡོད་ཅེས་བཤད།
         “ངས་ནན་བཤད་བྱེད་དགོས་པ་ཞིག་ལ། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཉེ་རབས་སྤེལ་བའི་ཕྱི་ཕྱོགས་བཙན་འཛུལ་དམག་འཁྲུག་དེས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་གནོད་འཚེ་ཕོག་མཁན་རྒྱལ་ཁབ་ཀྱི་མི་དམངས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་གསུངས་ཤིང་། ཁོང་གིས་རི་པིན་གྱི་སྲིད་དབང་འཛིན་མཁན་གྱིས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། ལོ་རྒྱུས་ཀྱི་བསླབ་བྱ་བླངས་ནས། དེ་སྔའི་བཙན་འཛུལ་ལོ་རྒྱུས་དང་དབྱེ་མཚམས་གསལ་པོ་ཕྱེ་བ་ལས་གཡས་རུའི་ཕྱོགས་གཏོགས་ཀྱིས་ནོར་འཁྲུལ་གྱི་ལོ་རྒྱུས་ལྟ་བ་མི་རབས་རྗེས་མར་བརྒྱུད་སྤྲོད་བྱ་རྒྱུ་རྒྱ་ཡན་དུ་གཏོང་རྒྱུ་མེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།