འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་གཉིས་ཐོག་སྤེལ་བའི་ཀྲུང་གོའི་ཆ་འཕྲིན་ལས་འཛམ་གླིང་ལ་སྐུལ་མ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་གཅིག་དུས་གཅིག་གི་ཚོགས་འདུ་གཉིས་ནི་འཛམ་གླིང་གིས་ཀྲུང་གོར་ལྟ་བའི་སྐར་ཁུང་ལྟ་བུ་ཞིག་ཡིན་ཞིང་། མཇུག་འགྲིལ་མ་ཐག་པའི་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་འཛམ་གླིང་ལ་བརྡ་རྟགས་གང་ཞིག་བཏང་ཡོད་དམ་ཟེར་ན།
         ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན། གསར་འགོད་པའི་ཚོགས་འདུ་ཐེངས་མང་སོགས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར་བ་དང་། “མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས”དང་། “ཀྲུང་གོའི་ལན་པར་2025” “རྒྱུད་གཅིག་ལམ་གཅིག”སོགས་ཕྱི་རྒྱལ་སྨྱན་སྦྱོར་གྱིས་བསྡུས་མང་ཤོས་ཀྱི་གནད་འགག་མིང་ཚིག་ཏུ་གྱུར་ཡོད།
         རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་ངོས་འཛིན་བྱས་དོན། ཀྲུང་གོ་སྲིད་གཞུང་གིས་སྒྱུར་བཅོས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་དེ་ཐོག་ནས་ཀྲུང་གོའི་ཕྱི་ནང་སྲིད་ཇུས་ཀྱི་བརྟན་པོའི་རང་བཞིན་དང་ངེས་གཏན་རང་བཞིན་མངོན་ཡོད་ལ་འཛམ་གླིང་ཐག་ཞོར་འདྲེང་འདྲུད་ཀྱི་ངེས་གཏན་མེད་པའི་རང་བཞིན་ཀྱང་སེལ་ཡོད། འཛམ་གླིང་གིས་བརྟན་ཐོག་ཡར་འཕེལ་དང་ཁྱོན་ཡོངས་ནས་སྒོ་དབྱེ་བའི་ཀྲུང་གོར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི“བརྟན་གཏོང་འཕྲུལ་ཆས”དང“སྒུལ་ཤུགས་འཕྲུལ་ཆས”ཀྱི་ནུས་པར་དེ་བས་གཙིགས་ཆེན་བྱ་རྒྱུ་ཡིན་པ་རེད།
         འཛམ་གླིང་ལ“ལྷིང་སྨན”སྦྱིན་པ།
         མིག་སྔར། ཀྲུང་གོ་འདི་ཉིད་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སུ་གནས་ཡོད་པས་འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་པའི་སྙིང་སྟོབས་ཐོག་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཀྱི་ཡོད། ཚོགས་འདུ་གཉིས་རིང་དཔལ་འབྱོར་འཕར་རྒྱུའི་དམིགས་ཚད་གཏན་འཁེལ་ཡིན་ནའང་འདྲ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཚད་གསར་པ་བཏོན་པ་གང་ཞིག་ཡིན་རུང་ཕྱི་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་གི་དཀའ་ངལ་མདུན་བསུས་ཀྱི་སྒྱུར་བཅོས་ཆོད་སེམས་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་བསམ་ཕྱོགས་མཐོང་ཡོད།
        ལུའུ་ཐོའུ་གསར་འགྱུར་ཁང་གིས། ཀྲུང་གོས་2017ལོར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་མང་པོ་ཞིག་དམའ་རུ་བཏང་བ་དེ་ཐོག་ནས་ཀྲུང་གོས་འདི་ལོ་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ཐད་དེ་བས་སྣང་ཆེན་བྱ་རྒྱུ་ཡིན་པ་མཚོན་ཡོད་ཅེས་བཤད་པ་དང་། ཧྥ་རན་སེ་གསར་འགྱུར་ཁང་གིས་དཔལ་འབྱོར་འཕར་རྒྱུའི་དམིགས་ཚད་6.5%ཡིས་མིག་སྔའི་ཀྲུང་གོ་སྲིད་གཞུང་གི་ལས་དོན་གཙོ་གནད་ཉེན་ཁ་འགོག་པ་དང་། འདེགས་ཤིང་དམའ་རུ་གཏོང་བ། ཐོན་ནུས་གཅོག་པ། ལྦུ་གསོབ་ཆགས་རྒྱུ་འགོག་པ་བཅས་ཡིན་པ་ལས་དུས་ཐུང་གི་དཔལ་འབྱོར་འཕར་ཚད་དེ་དམིགས་ཚད་ཨང་དང་པོ་མིན་པ་མངོན་ཡོད་ཅེས་བཤད།
        གོ་ལ་ཧྲིལ་པོ་ཅན་ཆེད་སྒུལ་ཤུགས་སྦྱིན་པ།
        དབྱིན་ཇིའི་རླུང་འཕྲིན་ཀུང་སི(BBC)ནས་གནས་ཚུལ་སྤེལ་བར། 2017ལོའི་ཚོགས་འདུ་གཉིས་ལ་འཛམ་གླིང་གི་དོ་ཁུར་ཆེན་པོ་དེ་འདྲ་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པས་ཡིན། དེ་ནི་དབྱིན་ཇིས“ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི”ཐག་བཅད་པ་དང་ཐེ་རོན་ཕུ་ཡིས་ཨ་རིའི་ཙུང་ཐུང་གི་འགན་འཁུར་རྗེས་ཀྱི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་ཐེངས་དང་པོ་དེ་ཡིན་ཞེས་བཤད་ཡོད།
         ཡོ་རོབ་དང་མེ་གླིང་དུ་མི་སེར་རིང་ལུགས་འབུས་པའི་འགྲན་སློང་གསར་པ་དང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བ་དང་རང་མོས་ཉོ་ཚོང་ལ་འཇིགས་སྣང་འཕྲད་པའི་སྐབས་ཀྲུང་གོས་ཁ་གཏད་ཇི་ལྟར་གཅོག་རྒྱུ་ཡིན་ནམ།
         ཀྲུང་གོ་སྲིད་གཞུང་གིས་དེའི་ཐད་སླར་ཡང་རྣམ་འགྱུར་དང་ཇུས་གཞི་བཏོན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“རིམ་པ་དང་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཏོན་པ་དེས་འཛམ་གླིང་ལ་ངར་སེམས་འཕེལ་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་ལ་གྲོས་བསྡུར་དེ་བས་མང་པོ་བྱེད་ཀྱི་ཡོད།
         གང་བཤད་ཚིག་གནས་དང་། གང་བྱས་མཐའ་འཁྱོལ་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནི་ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་དང་ཚོང་དོན་རང་མོས་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། འདི་ལོའི་ཟླ་5པར་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་གཉེར་རྒྱུ་རེད།
         རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་བསྐྲུན་པ།
         ཀྲུང་གོ་འདི་ཉིད་ཉིན་རེ་བཞིན་འཛམ་གླིང་གི་གར་སྟེགས་དབུས་སུ་བསྐྱོད་པ་དང་བསྟུན་ནས་ཚོགས་འདུ་གཉིས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད། ཕྱི་རྒྱལ་གྱི་མི་མང་པོ་ཞིག་གིས་ཚོགས་འདུ་གཉིས་ཀྱི་སྐར་ཁུང་བརྒྱུད་ཀྲུང་གོའི་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད།
         རྒྱལ་ཁབ་ཁག་གིས་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པའི་ལྟ་ཕྱོགས་དང་གཙོ་གནད་མི་འདྲ་ཡང་དེ་དག་ཚང་མའི་ཁྲོད་ནས་གོ་སྐབས་མཐོང་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།