འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།ལས་ལ་བརྩོན་པའི་ལྷ་སའི་སྐྱེད་ཚལ་བཟོ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་གྱི་ཞོགས་པ་ལྷ་ས་ཁུལ་གྱི་དྲོད་ཚད་ཀླད་ཀོར་མཚམས་སུ་སླེབས་ནས་སྐབས་རེ་གྲང་རླུང་འུར་འུར་དུ་ལྡང་བ་དང་སྐབས་རེ་གངས་སིམ་སིམ་འབབ་ཀྱི་ཡོད་མོད། འོན་ཀྱང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་གི་གཞོགས་གཉིས་སུ་གྱོན་གོས་ལི་སེར་གྱོན་པའི་ལས་མིའི་རྒྱབ་གཟུགས་མཐོང་རྒྱུ་ཡོད། ཁོང་ཚོ་ནི་ལྷ་སའི་སྐྱེད་ཚལ་བཟོ་པ་ཡིན་ཞིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅི་ཏ་སྐྱེད་ཚལ་ཀུང་སིའི་ཁོངས་སུ་གཏོགས།
         མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་ལྷག་སྒྲོན་ནི་སྐྱེད་ཚལ་བཟོ་པའི་རྗེས་རབས་པ་ཞིག་ཡིན་ཞིང་། མིག་སྔར་ཁོ་མོས་མུ་མཐུད་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་སྲུང་སྐྱོང་ལས་ཀ་བྱེད་བཞིན་ཡོད་པ་དང་ལས་ཀ་དེ་བྱས་ནས་ད་བར་ལོ་བརྒྱད་འགྲོ་གི་ཡོད། “དེ་རིང་གྲང་མོ་འདུག ད་དུང་གང་སིམ་སིམ་འབབ་ཀྱི་འདུག་ཀྱང་ང་རང་ལས་ཀ་འདིར་དགའ་པོ་ཡོད། ཁྱེད་རང་གཟིགས་དང་། ཁྲོམ་གཞུང་ངོགས་གཉིས་ཀྱི་ང་ཚོས་ཡལ་གཅོད་བརྒྱབ་པའི་བཟོ་ལྟ་འདྲ་མིན་གྱི་སྔོ་ལྗང་ལྗོན་ཤིང་དག་མཐོང་དུས་སེམས་ནང་སྤྲོ་སྣང་ཞིག་རང་ཤུགས་ཀྱིས་སྐྱེས་སྲིད། དེ་དག་མཐོང་དུས་ང་ཚོ་ཡང་དགའ་པོ་ཡོང་གི་འདུག”ཅེས་ཁོ་མོས་བཤད།
         ཡལ་གཅོད་ལས་ལ་བྱང་ཆུབ་པའི་མིག་དམར་གྱིས་སྐམ་པོ་ཆགས་པའི་ཡལ་ཀར་ཡལ་གཅོད་རྒྱག་བཞིན་འདུག ཁོང་གིས“སྐམ་པོར་གྱུར་བའི་ཡལ་ཀ་དག་ཡལ་གཅོད་རྒྱག་ཁག་པོ་ཡོད་པས། ལག་ཆ་སྣ་ཚོགས་སྤྱོད་དགོས་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།
         ཡལ་གཅོད་མང་པོ་བརྒྱབ་པའི་རྐྱེན་མིག་དམར་གྱི་ལག་པར་ཆུ་ལྒང་ཆེན་པོ་གཉིས་སྐྱེས་ཡོད། “ལོ་ལྟར་དཔྱིད་དུས་སུ་ཟླ་གཉིས་རིང་ཡལ་གཅོད་རྒྱག་དགོས་པས་ལག་པར་ཆུ་ལྒང་དོན་སླ་པོ་ཡོད”ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་བཤད།
         དེ་རིང་གངས་ཆེན་པོ་འབབ་སོང་། ཡིན་ནའང་ལྷག་སྒྲོན་དང་ལས་རོགས་ཚོས་གྱོན་གོས་དེ་ཙམ་མཐུག་པོ་གྱོན་མི་འདུག “ལས་ཀ་བྱས་ཚེ། རྔུལ་ཆུ་དོན་ནས་ཚ་དུག་ཆེན་པོ་འདུག”ཅེས་ལྷག་སྒྲོན་གྱིས་བཤད།
         དེ་ཉིན་སྐྱེད་ཚལ་ཀུང་སིས་སྔོ་འགྱུར་སྲུང་སྐྱོང་མི་སྣ་44མངགས་ནས་སྤྱི་གླིང་དང་ཁུལ་ཆུང་དུ་ལོ་དམར་ལྗོན་ཤིང་གི་སྡོང་ཕྲུག་རྐང་5300དང་རྒྱ་ཤུག་གི་སྡོང་ཕྲུག་རྐང་1500འདེབས་འཛུགས་ལས་འགན་ལེགས་གྲུབ་བྱས་པ་དང་འབྲེལ་མ་ལམ་ཞིག་ཏུ་སྡོང་ཕྲུག་སྤོ་འཛུགས་དང་ཆུ་རྒྱག་པ་སོགས་ཀྱི་སྔོ་འགྱུར་གྱི་ལས་ཀ་འབོར་ཆེན་སྒྲུབ་བཞིན་འདུག
         ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེད་ཚལ་བཟོ་པའི་ནང་ཆུང་ཤོས་ལོ་20དང་ཆེ་ཤོས་ལོ་50ལྷག་ཙམ་ཡིན་ཞིང་། ལས་ཀ་ལས་ཡུན་ཉུང་ཤོས་ལོ་གཅིག་དང་མང་ཤོས་ལོ་30ཡིན་པ་རེད། “མི་ཁག་གཅིག་ཉིན་གཉིས་གསུམ་ལས་ཀ་བྱས་རྗེས་སྡུག་རུས་མ་འཁྱོག་པར་འགྲོ་མཁན་ཡང་ཡོད། མང་ཆེ་བས་དེ་གར་མུ་མཐུད་ལས་ཀ་བྱ་རྒྱུའི་གདམ་ག་བྱེད་ཀྱི་ཡོད”ཅེས་རུ་དཔོན་ཚེ་རིང་གིས་གསར་འགོད་པར་བཤད།
         ཆར་རླུང་ཁྲོད་སྐྱེད་ཚལ་བཟོ་པས་ལག་ཟུང་ལ་བརྟེན་ནས་ས་མཐོའི་གྲོང་ཁྱེར་སྔོ་ལྗང་ཅན་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། ལས་ཀ་ལོ་30ཙམ་བྱས་པའི་ཚེ་རིང་གིས“དུས་རབས་གོང་མའི་ལོ་རབས་80པར་ལྷ་སར་བཏབ་པའི་ལྗོན་ཤིང་རིགས་བདུན་བརྒྱད་ལས་མེད། མིག་སྔར་ལྷ་སར་ལྗོན་ཤིང་རིགས་100ལྷག་ཙམ་ཡོད”ཅེས་ངོ་སྤྲོད་བྱས།
         འདེབས་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྟབས་2000ལོར་ཚེ་རིང་གིས་སྔོ་འགྱུར་སྲུང་སྐྱོང་རུ་ཁག་གི་རུ་དཔོན་བྱས། “ཉམས་མྱོང་དག་ནི་ལས་ཀ་བྱས་པ་ལས་བྱུང་བ་ཞིག་རེད། དཔེར་ན། དཔྱིད་དུས་སྔོན་ལ་སྐྱེས་དཀའ་བའི་ལྗོན་ཤིང་རྣམས་གསབ་འདེབས་བྱེད་དགོས་པ་དང་དེ་རྗེས་རྒྱུན་ལྗང་ལྗོན་ཤིང་གསབ་འདེབས་བྱེད་དགོས། ཤེས་བྱ་མང་ཆེ་བ་ལག་ལེན་ཁྲོད་ནས་ཤེས་པ་ཤ་སྟག་རེད”ཅེས་ཚེ་རིང་གིས་བཤད།
         ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་སྐྱེད་ཚལ་གྲོང་ཁྱེར་གཏོད་གང་ཐུབ་བྱས་པས། གྲོང་ཁྱེར་སྔོ་ལྗང་ཅན་དུ་གྱུར་ཚད་37.6%ཟིན་པ་དང་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་9.7ཙམ་ཟིན་པས་2014ལོའི་ལོ་སྟོད་དུ“རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར”ལ་བདམས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།