འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡུས་ཧའེ་ཡིས་རྒྱལ་གླུའི་ཁྲིམས་བཟོས་ཏེ་རྒྱལ་གླུ་གང་བྱུང་
    དུ་སྤྱོད་པའི་སྣང་ཚུལ་གཏན་འགོག་བྱ་རྒྱུའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའིའ་འཕྲིན། ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་བཀོད་འདོམས་པ། བཅིངས་འགྲོལ་དམག་དམག་མིའི་རོལ་མོ་ཚོགས་པའི་དེ་སྔའི་ཐོན་ཀྲང་བཅས་ཡིན་པའི་ཡུས་ཧའེ་ཡིས་རྒྱལ་གླུའི་ཁྲིམས་བཟོ་རྒྱུ་འབོད་སྐུལ་ལོ་བཅུ་བསྟུད་མར་གནང་བ་རེད།
         ཁོང་གིས་1949ལོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐོག་རྒྱལ་གླུའི་གྲོས་ཐག་ཆོད་ཡིག་ལ་གྲོས་འཆམ་བྱུང་ནས་《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཚབ་ཏུ་བྱས་པ་དང་2004ལོར་དངོས་སུ་རྒྱལ་གླུར་གཏན་འཁེལ་བྱས་ཡོད་པ་རེད། དམག་གཟིགས་མཛད་སྒོ་དང་། འཚམས་འདྲིར་སྐྱོད་པ། ལུས་རྩལ་འགྲན་བསྡུར་སོགས་བྱེད་སྒོ་གལ་ཆེན་ཐོག་རྒྱལ་གླུ་བཏང་ནས་ཀྲུང་ཧྭའི་བུ་ཕྲུག་ཚོར་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུའི་སྐུལ་མ་གཏོང་གི་ཡོད་ཅེས་ངོ་སྤྲོད་གནང་།
         “ངས་1970ལོ་ནས་བཟུང་རྒྱལ་གླུ་དཀྲོལ་བ་ཡིན་པས། སེམས་ནང་སྤོབས་སེམས་ཞིག་རང་བཞིན་གྱིས་སྐྱེ་གི་འདུག འོན་ཀྱང་ཉེ་བའི་ལོ་ཤས་རིང་རྒྱལ་གླུ་གང་བྱུང་དུ་སྤྱོད་པའི་སྣང་ཚུལ་ཐོན་གྱི་ཡོད། འགའ་ཞིག་གིས་རྒྱལ་གླུའི་གཞས་ཚིག་བཟོ་བཅོས་རྒྱག་པ་དང་། འགའ་ཞིག་གིས་རྒྱལ་གླུ་དཀྲོལ་སྟངས་དང་དེ་ལས་མཚོན་པའི་སེམས་ཁམས་གང་བྱུང་དུ་འགྱུར་ལྡོག་གཏོང་བ། འགའ་ཞིག་གིས་རྒྱལ་གླུ་ལེན་སྐབས་སྒམ་ནན་མི་བྱེད་པ། ཐ་ན་འགའ་ཞིག་གིས་གཉེན་སྟོན་འཆི་གོད་སྐབས་དང་ཚོང་ལས་བྱེད་སྒོའི་སྐབས་སུ་རྒྱལ་གླུ་གཏོང་བ་སོགས་བྱེད་ཀྱི་ཡོད”ཅེས་ཡུས་ཧའེ་ཡིས་གསུངས།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལོ་བཅུ་གནང་བའི་ཡུས་ཧའེ་ཡི་ལོ་རེའི་གྲོས་གཞི་ནི“རྒྱལ་གླུའི་ཁྲིམས་བཟོ་རྒྱུ”དེ་ཡིན་ཞིང་། ཡུས་ཧའེ་ཡི་གྲོས་གཞིའི་ནང་རྒྱལ་གླུ་ནི་བདག་དབང་རྒྱལ་ཁབ་ཀྱི་སྐད་སྒྲའི་གཟུགས་བརྙན་ཡིན་པའི་ངོས་ནས་རྒྱལ་གླུ་དེ་རྒྱལ་དར་དང་རྒྱལ་རྟགས་བཞིན་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་བྱེད་དགོས། དཔེར་ན་རྒྱལ་གླུའི་ཚད་གཞི་གང་ཡིན་པ་དང་། རྒྱལ་གླུ་དེ་གནས་ཚུལ་ཇི་འདྲའི་འོག་སྤྱོད་ཆོག་པ། རྒྱལ་གླུ་དཀྲོལ་སྟངས་ཇི་ལྟར་ཡིན་པ། རྒྱལ་གླུ་ལས་མཚོན་པའི་སེམས་ཁམས་གང་ཡིན་པ། གལ་སྲིད་རྒྱལ་གླུར་གནོད་སྐྱོན་གཏོང་བའི་གནས་ཚུལ་ཐོན་ཚེ། ཁྲིམས་ཀྱི་འགན་འཁྲི་གང་དག་འཁུར་དགོས་པ་སོགས་གཏན་འཁེལ་བྱེད་དགོས་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།