འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེ་ཁུངས་ཐའེ་དབན་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས"གོ་གཉིས་ལོའི་
    ཐུན་མོང་ངོས་འཛིན"ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་འགྲོ་
    བའི་ལག་ཆ་ལྟ་བུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན། པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་བཞིན་པའི་སྐྱེ་ཁུངས་ཐའེ་དབན་ནས་ཡིན་པའི་ཨུ་ཡོན་ཚོས་ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྲོས་ཞིབ་བྱེད་སྐབས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་འགྲོ་བའི་ལག་ཆ་ལྟ་བུ་ཡིན་པས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱ་རྒྱུ་ཡིན་ལ་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ང་ཚོས་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་ཡང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         སྙན་སྒྲོན་ནང་2017ལོར་སྤེལ་རྒྱུ་ཡིན་པའི་གཙོ་གནད་ལས་དོན་སྐོར་གླེང་སྐབས། ཀྲུང་དབྱང་གིས་ཐའེ་དབན་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་ཐུན་མོང་ཆབ་སྲིད་རྨང་གཞི་མཐའ་འཁྱོངས་དང་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་གསལ་པོ་བཏོན་ཡོད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ནན་ཅིང་གྲོང་ཁྱེར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཧུའུ་ཡིའུ་ཆིང་གིས་ན་ནིང་ཐའེ་དབན་ས་ཁུལ་གྱི་སྲིད་ཏང་རེས་མོས་བྱས་རྗེས། གླིང་ཕྲན་ནང་ཁུལ་གྱི“ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱི་ཚོད་འཛིན་འོག་རྣམ་པ་སྣ་ཚོགས་ཀྱི“ཐའེ་དབན་རང་བཙན”གྱི་བྱེད་སྒོ་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་འདི་ལོ་སྐམ་ས་ཆེ་མོ་ཕྱོགས་ཀྱིས་མུ་མཐུད་དར་ཆ་གསལ་སྟོན་གྱི་སྒོ་ནས་ཀྲུང་གོ་གཅིག་གི་རྩ་དོན་མངོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱ་རྒྱུ་ནི“ཐའེ་དབན་རང་བཙན”ཕྱོགས་གཏོགས་ལ་ཐ་ཚིག་སྒྲོག་པ་ཞིག་ཡིན་ཞེས་གསུངས།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཕུའུ་ཅན་ཞིང་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལུའོ་ཧྲ་མིང་གིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་འགྲོ་བའི་ལག་ཆ་ལྟ་བུ་ཡིན་པས་དེ་ནི་གཡོ་འགུལ་གཏོང་མི་རུང་བའི་རྩ་དོན་ཞིག་ཡིན། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་ཐུན་མོང་ཆབ་སྲིད་རྨང་གཞི་ཁས་ལེན་བྱས་ཚེ། ངོགས་གཉིས་ཀྱི་འབྲེལ་བ་གཞི་ནས་ཕན་ཚུན་མཉམ་འགུལ་དང་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་བཟང་པོ་ཐོན་ཐུབ་པ་དང་འབྲེལ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་བྱུང་ནས་ངོགས་གཉིས་ཀྱི་འབྲེལ་བ་དེ་བས་ཞི་མཐུན་ཡོང་རྒྱུར་སྐུལ་མ་ཐེབས་ཐུབ་ཅེས་གསུངས་པ་རེད།
         “རྣམ་པ་གང་རུང་གི‘ཐའེ་དབན་རང་བཙན’གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཐའེ་དབན་གྱི་དབང་འཛིན་ལས་ཁུངས་དང་ཐའེ་དབན་དམངས་ཚོགས་ལ་བརྗོད་པ་ཞིག་ཡིན་ལ‘ཐའེ་དབན་རང་བཙན’ཕྱོགས་གཏོགས་དང་ངན་འབྲེལ་བྱེད་མཁན་གྱི་རྒྱལ་སྤྱིའི་ཕྱོགས་གཏོགས་ལ་ཡང་བརྗོད་པ་ཞིག་ཡིན། མིག་སྔར་རྒྱལ་ཁབ་ཁག་གཅིག་དང་ཐའེ་དབན་དབང་འཛིན་ལས་ཁུངས་དབར་འོས་ཤིང་མི་འཚམ་པའི་བྱ་སྤྱོད་སྤེལ་ནས‘ཐའེ་དབན་རང་བཙན’ལ་སྐུལ་མ་གཏོང་གི་ཡོད། དེར་བརྟེན་ང་ཚོས་རང་ཉིད་ཀྱི་རྩ་དོན་དང་ལངས་ཕྱོགས་དེ་བས་ཁ་གསལ་སྒོ་ནས་མངོན་པ་བྱེད་དགོས”ཞེས་ལུའོ་ཧྲ་མིང་གིས་གསུངས།
        “ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྙན་སྒྲོན་ནང‘གོ་གཉིས་ལོའི་ཐུན་མོང་ངོས་འཛིན’ནི་ཧ་ཅང་དུས་ཐོག་དང་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་གནང་ཡོད” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཀྲུང་དབྱང་གི་དྲུང་ཆེ་ཀྲང་ཉིང་གིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང་བྱ་ཐབས་གང་རུང་ཞིག་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱ་རྒྱུ་དེ་ནི་སྐམ་ས་ཆེ་མོ་ཕྱོགས་ཀྱི་འགྱུར་མེད་ལངས་ཕྱོགས་ཤིག་རེད། ཐའེ་དབན་ལ་འཛིན་པའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དེ་གླིང་ཕྲན་ནང་གི་ཆབ་སྲིད་དུས་བབ་འགྱུར་ལྡོག་འགྲོ་བའི་རྐྱེན་གྱིས་འགྱུར་ལྡོག་འགྲོ་མི་སྲིད། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་སྲོག་ཤིང་ནི་ཀྲུང་གོ་གཅིག་གི་རྩ་དོན་ཡིན། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ཁས་ལེན་དང་མི་ལེན་ནི་ངོགས་གཉིས་ཀྱིས་ལམ་ལུགས་ཅན་གྱི་ཐོག་ནས་མཐུན་སྦྱོར་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། “ཐའེ་དབན་རང་བཙན”པས་གལ་ཏེ་གཡོ་ཐབས་བཤམས་ཚེ་ཁོ་པ་ཚོའི་ལྐོག་གཡོ་སྒྲུབ་ཐབས་བྲལ་བ་ཞིག་རེད། བྱེད་ཐབས་གང་ཞིག་སྤྱད་རུང“ཐའེ་དབན་རང་བཙན”ནི་སྒྲུབ་ཐབས་བྲལ་བ་ཞིག་རེད་ལ་རྡོག་བརྫིས་གཏོང་མི་རུང་བའི་དམར་ཐིག་ཅིག་ཀྱང་རེད་ཅེས་གསུངས།
         འདི་ལོའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་ད་དུང་སྲིད་གྲོས་ཨུ་ཡོན་དང་ཐའེ་དབན་དམངས་འདོད་ཀྱི་འཐུས་མིའི་དབར་ལམ་སྲོལ་ཅན་གྱི་སྤེལ་རེས་ཟབ་ཏུ་བཏང་སྟེ་ཐའེ་དབན་གྱི་གཞི་རིམ་འཐབ་ས་དང་པོ་དང་གཞོན་ནུའི་མི་རབས་དབར་འགྲོ་འོང་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཏོན་ཡོད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཡུན་ནན་ཞིང་ཨུད་ཀྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཁྲེན་ཅུན་ཚུང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་འདུ་ཤེས་དེར་ངོགས་གཉིས་ཀྱི་གཞི་རིམ་དམངས་ཚོགས་མང་ཆེ་བའི་ཁས་ལེན་ཐོབ་ཡོད། མིག་སྔའི་ཐའེ་དབན་གྱི་ཆབ་སྲིད་དུས་བབ་འགྱུར་ལྡོག་བྱུང་བ་དང་སྦྲགས་ང་ཚོས་ཐའེ་དབན་གྱི་གཞི་རིམ་དམངས་ཚོགས་དང་སྤེལ་རེས་བྱ་རྒྱུར་སྔར་བས་སྣང་ཆེན་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་བའི་དམངས་འདོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཞེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།