འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ནེའི་སྐྱིད་གྲོང་འགག་སྒོས་ཨེ་ཤེ་ཡ་ལྷོ་མ་དང་སྦྲེལ་མཐུད་བྱས་ནས་བོད་ལྗོངས་ཀྱི་ཕྱི་
    ཕྱོགས་ཚོང་དོན་ལ་ཡར་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2016ལོར་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ནེ་པ་ལའི“4·25”ས་ཡོམ་ཆེན་པོའི་གྲིབ་ནག་ལས་རིམ་བཞིན་ཐར་ཏེ་འཕེལ་རྒྱས་འགྲོ་འགོ་ཚུགས་ནས། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འགན་གཙོ་བོ་འཁུར་བའི་ཀྲུང་ནེའི་སྐྱིད་གྲོང་འགག་སྒོའི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་34.20ཟིན་པ་དེ་དུས་མཚུངས་ལས་ལྡབ་4.59འཕར་བ་རེད།
         2015ལོར་གློ་བུར་དུ་ཐོན་པའི་ནེ་པ་ལའི“4·25”ཡི་ས་ཡོམ་གནོད་འཚེའི་དབང་གིས་འགྲམ་དང་སྐྱིད་གྲོང་འགག་སྒོར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་དེའི་གོང་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་པར། ནེ་པ་ལའི“4·25”ཡི་ས་ཡོམ་གནོད་འཚེའི་དབང་གིས་2015ལོར་བོད་ལྗོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་ལ་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་56.55ཟིན་པ་དེ་དུས་མཚུངས་ལས་59.2%ཆག་ཡོད་པ་རེད།
         ཚོང་དོན་བགྲོད་ལམ་གང་མགྱོགས་ཤར་གཏོང་བྱ་ཆེད། ལོ་ཕྱེད་ཙམ་འབྱེད་མཚམས་བཞག་པའི་སྐྱིད་གྲོང་འགག་སྒོ་2015ལོའི་ཟླ་10ཚེས་13ཉིན་སླར་ཡང་ཤར་གཏོང་བྱེད་འགོ་ཚུགས་ནས་འགྲམ་འགག་སྒོའི་ཚོང་དོན་གྱི་འགན་ཁུར་ཏེ་ནེ་པ་ལར་ཕྱོགས་པའི་ཚོང་དོན་མྱུར་དུ་སླར་གསོ་ཐུབ་པ་རེད།
        ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་གཞོན་པ་དབྱི་ཝེ་ཧྥུང་གིས་སྐྱིད་གྲོང་འགག་སྒོ་སླར་ཡང་ཤར་གཏོང་ཐུབ་རྗེས་རྒྱུན་མཐུད་ངང་བསྐྱར་སྐྲུན་བྱེད་ཤུགས་དང་སྒོ་འབྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
         2016ལོར་སྐྱིད་གྲོང་འགག་སྒོས་འགག་སྒོ་ཤར་བགྲོད་གློག་ཀླད་ཅན་གྱི་རྣམ་པར་འགྱུར་རྒྱུར་སྐུལ་འདེད་བཏང་ཞིང་། ཁེ་ལས་ལ་བཤེར་ཆས་དང་གློག་རྡུལ་འགག་སྒོའི་སྔོན་ཚུད་ཐོ་འགོད་མ་ལག་སྒྲིག་རོགས་བྱས་ཏེ་ཁེ་ལས་ལ་བསྒྱུར་བཅོས་དང་ཚོང་དོན་གྱི་སྟབས་བདེ་བསྐྲུན་ཡོད། “ཤར་གཏོང་བགྲོད་ལམ”བཏོད་ནས་ཤིང་ཏོག་དང་སྔོ་ཚལ་སོས་པ་སོགས་རུལ་སླ་བའི་ཞིང་ཞོར་ཐོན་རྫས་ལ་ཁ་ཆད་བྱས་ནས་འགག་སྒོར་ཐོ་འགོད་བྱས་སྟབས་ཁེ་ལས་ཀྱི་ཚོང་དོན་ཉེན་ཁ་དང་འགག་སྒོ་ཤར་བགྲོད་ཀྱི་མ་གནས་དམའ་རུ་ནུས་ལྡན་ཕྱིན་ཡོད། གཞན་ཡང་ད་དུང་འགག་སྒོའི་དོ་དམ་སྡེ་ཚན་དབར་གྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཚོང་དོན་གྱི“དཀར་ཁུང་རྐྱང་པ”འཛུགས་གང་ཐུབ་བྱས་པ་དང་སྦྲགས་སྤུས་བཤེར་ཅུས་དང་འགག་སྒོ་ལས་ཁུངས་མཉམ་ལས་ཀྱི“རེ་ཞུ་ཐེངས་གཅིག་དང་། བརྟག་དཔྱད་ཞིབ་བཤེར་ཐེངས་གཅིག གཏོང་ཐེངས་གཅིག”བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།
         དབྱི་ཝེ་ཧྥུང་གིས་སྐྱིད་གྲོང་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་དང་མི་སྣ་འགྲོ་འོང་སོགས་ ཀྱི་ཐད་ཕྱོགས་ཡོངས་ནས་འཕེལ་བ་དང་བསྟུན་ནས་འགག་སྒོ་འདི་ཀྲུང་གོ་ནས་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་སྐམ་སའི་ཚོང་དོན་དང་ཟོག་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད་པས། བོད་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་གཏོད་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བཤད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།