འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྣང་རྫོང་སྤྱི་ཚོགས་ཕན་བདེ་ཁང་གི་རྒན་རྒོན་བཟའ་ཚོ་བཅུ་ཡིས་མཉམ་སྡེབ་གཉེན་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྣང་རྫོང་སྤྱི་ཚོགས་ཕན་བདེ་ཁང་གི་རྒན་རྒོན་བཟའ་ཚོ་བཅུ་ཡིས་མཉམ་སྡེབ་གཉེན་སྒྲིག་བྱས་པ།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་17ཉིན་ནི་ནམ་མཁའ་དྭངས་ཤིང་རླུང་བུ་འཇམ་པའི་ཉིན་མོ་ཞིག་ཡིན་ཞིང་། དེ་ཉིན་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་རྒན་རྒོན་བཟའ་ཚོ་བཅུ་མཉམ་དུ་གཉེན་སྒྲིག་བྱེད་པའི་བཀྲ་ཤིས་རྟེན་འབྲེལ་མཛད་སྒོ་འཚོགས་པ་རེད།
          སྔ་དྲོའི་ཆུ་ཚོད་11པར། ཕན་བདེ་ཁང་གི་སྒོ་རའི་ནང་མེ་ཏོག་དང་ལྒང་བཞུ་དམར་པོས་བརྒྱན་པ་དང་མི་ཚོགས་ཀྱིས་ཁེངས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་གཉེན་སྒྲིག་མཛད་སྒོར་ཡོང་བའི་མི་རྣམས་དགའ་སྤྲོ་ལྷན་འཛོམས་ཀྱིས་གཉེན་སྒྲིག་དུས་ཚོད་སྒུག་ནས་བསྡད་ཡོད་པ་རེད།
          རྒན་རྒོན་བཟའ་ཚོ་བཅུ་ཡི་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ་དང་། དེ་ཁུལ་དུ་ཡོད་པའི་མི་500ལྷག་ཙམ་གྱིས་དཔང་པོ་བྱས་ཤིང་། སྨོན་འདུན་བཟང་པོ་ཞུས་པ་བརྒྱུད། ཁོང་ཚོས་ལག་གདང་སྦྲེལ་ནས་ས་གདན་དམར་པོའི་ཐོག་སྐྱོད་བཞིན་གཉེན་སྒྲིག་ལག་ཁྱེར་ལེན་པ་དང་ཕན་ཚུན་ཚིགས་ཁེབས་བརྗེ་རེས་བྱས་ཏེ་འབྱུང་འགྱུར་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུའི་དམ་བཅའ་བཞག་པ་རེད།
          “ང་ཚོ་བཟའ་ཚང་བྱས་ནས་ལོ་20ལྷག་ཙམ་སོང་མོད། འོན་ཀྱང་། ལོ་ན་གཞོན་པའི་དུས་སུ་ཁྱིམ་ཚང་གི་འཚོ་བ་དབུལ་བས་གཉེན་སྒྲིག་མཛད་སྒོ་གཉེར་མྱོང་མེད། དེ་རིང་མི་མང་པོ་དེ་འདྲས་དཔང་པོ་བྱེད་པའི་འོག་གཉེན་སྒྲིག་མཛད་སྒོ་གཟབ་རྒྱས་གཉེར་ནས་ན་གཞོན་དུས་ཀྱི་རེ་བ་སྒྲུབ་རོགས་བྱས་པས། ངས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དག་ཐམས་ཅད་ནི་ཏང་གི་སྲིད་ཇུས་བཟང་པོར་བརྟེན་པའི་འབྲས་བུ་ཞིག་རེད”ཅེས་གཉེན་སྒྲིག་གི་དགའ་སྤྲོའི་དཔལ་ལ་རོལ་བའི་བློ་བཟང་རྡོ་ཡོན་དང་སྐལ་བཟང་བདེ་སྐྱིད་ཀྱིས་བརྗོད།
          དཀར་གཙང་མཇལ་དར་བསྒྲོན་པ་དང་ཞིམ་མངར་མཆོད་ཆང་བཀྱགས་ནས་དགའ་སྤྲོ་འཁོལ་བའི་སྒོར་གཞས་འཁྲབ་ཅིང་། ལོ་ཟླའི་བརྒྱུད་རིམ་ནང་བཟའ་ཚོ་བཅུ་པོའི་དབར་གྱི་བརྩེ་དུང་དེ་བས་ཟབ་ཏུ་ཕྱིན་པ་དང་ཚང་མས་ཁོང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་ཡོང་བའི་སྨོན་འདུན་བཟང་པོ་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།