འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅༎ལྷ་སར་བོད་ཀྱི་ལོ་གསར་གཏོང་བར་ཕེབས།

    འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཡོན་ཆོན་དང་། ཆུང་བདག་སྒྲོལ་དཀར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་བཏང་ཚར་མ་ཐག་བོད་མེ་བྱ་ལོའི་གནམ་ལོ་གསར་ཚེས་འཆར་ལ་ཉེ། “ཉི་འོད་གྲོང་ཁྱེར”ལྷ་སར་་དགུན་ཁའི་ཉི་འོད་ཀྱི་དྲོད་འཇམ་འོག་བར་སྐོར་ཉེ་འགྲམ་གྱི་ཚོང་ཁང་ཁག་ནང་མིས་ཁེངས་ནས་འཁྲུག་ཆ་དོད་པ་མ་ཟད། མི་ཚོས་རྩེ་སྒྲོ་དང་། ཕྱེ་མར་འབོ། བཀྲ་ཤིས་པའི་རྟེན་འབྲེལ་མཚོན་པའི་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཉོ་བཞིན་ངོ་གདོང་ནས་ཉི་འོད་ལས་ཀྱང་རབ་ཏུ་འཚེར་བའི་འཛུམ་མདངས་འཕྱུར་བཞིན་འདུག
         མི་ཚོས་གངས་ལྗོངས་ས་མཐོའི་ལོ་གཅིག་དུས་གཅིག་གི་དུས་ཆེན་རྒྱས་ཤོས་ལོ་གསར་བསུ་བཞིན་ཡོད། ལོ་རེར་བོད་ལ་དུས་ཆེན་ཧ་ཅང་མང་པོ་ཡོད་ཀྱང་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་མཚོན་ཆེ་ཤོས་དང་། དེ་བཞིན་རྟེན་འབྲེལ་གྱི་རྣམ་པ་མཚོན་ཆེ་བ་དང་རེ་བས་ཁེངས་ཤུགས་ཆེ་ཤོས། མི་ཚོས་དགའ་སྤྲོ་འཁོལ་བའི་ངང་རྟེན་འབྲེལ་རྒྱས་ཤོས་ཞུ་བ་ནི་ལོ་གསར་ཡིན་པ་རེད། “འདི་ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་རིང་ཉིན་ལྟར་སྐུ་མགྲོན་བཅུ་གྲངས་ངའི་ཁྱིམ་དུ་ལོ་གསར་གཏོང་བར་སླེབས་བྱུང་། གང་ཡིན་ཟེར་ན་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་དུས་ཚོད་ཧེ་བག་ཟླ་བ་གཅིག་ཡོད་པ་དེས་ཡུལ་སྐོར་བ་ཚོར་ཞབས་ཞུ་དེ་བས་ལེགས་པ་ཞུ་རྒྱུར་ང་ལ་དུས་ཚོད་སྔར་བས་མང་པོ་བྱུང་། གལ་སྲིད་ཉིན་གཅིག་ལ་འཁེལ་བ་ཡིན་ན་དེ་བས་འཁྲུག་ཆ་དོད་པོ་ཡོད”ཅེས་ལྷ་ས་གྲོང་ཁྱེར་དོག་སྡེ་ཤང་འོལ་པ་གྲོང་ཚོའི་ཡུལ་མི་བློ་བཟང་གིས་བརྗོད་ཅིང་། ཁོང་གིས་ལོ་གཉིས་གོང་རང་ཁྱིམ་མགྲོན་ཁང་དུ་བསྒྱུར་རྗེས་བློ་བཟང་གི་ཁྱིམ་ལོ་རེ་ལས་མ་འདས་པར་འཁྲུག་ཆ་དོད་དུ་ཕྱིན་ཡོད།
         “བོད་དུ་ལོ་གསར་གཏོང་བར་ཡོང་ཚེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པས་ལོ་གསར་གཏོང་བའི་ཚོར་སྣང་ཞིག་འདུག”ཨན་ཧུའེ་ནས་ཡོང་བའི་ཀུའོ་ཞའོ་ཡུས་འདི་ལོ་བོད་དུ་ཡོང་ཐེངས་དང་པོ་ཡིན། ཁོ་མོ་བློ་བཟང་ཁྱིམ་དུ་ལོ་གསར་གཏོང་མཁན་གྱི་ཡུལ་སྐོར་བའི་གྲས་ཤིག་རེད། ཁོ་མོས་ཚང་མ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བས་ཕན་ཚུན་རྒྱུས་མངའ་མེད་ཀྱང་མཉམ་དུ་བསྡད་དེ་དྲི་ཞིམ་འཐུལ་བའི་ཇ་མངར་མོ་འཐུང་བ་དང་། རོ་བཅུད་ལྡན་པའི་ཚགས་ཤ་སྐམ་པོ་ཟ་བཞིན་དུ་ལམ་བར་གྱི་མཐོང་ཐོས་དང་ལོ་གསར་པའི་འཆར་གཞི་གླེང་བཞིན་ཡོད་ཅེས་བརྗོད་བྱུང་།
         མགྲོན་བསུ་ཁང་དུ་བློ་བཟང་གི་བུ་བསྟན་འཛིན་གྱིས་ཡུལ་སྐོར་བར་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཁྱིམ་འཛིན་མས་ཆུ་འགྲམ་དང་ཁྲོན་པ་ནས་ཆུ་ཕུད་ལེན་པར་འགྲོ་སྲོལ་ཡོད། ཆུ་ཕུད་སྔ་ཤོས་ལེན་ཐུབ་མཁན་དེ་བསོད་ནམས་ཆེ་བས་དབང་ཐང་འཕེལ་ཐུབ་པ་མ་ཟད་ནད་མེད་ཚེ་རིང་ཡོང་བའི་ཤོད་སྲོལ་ཡོད། དེ་བཞིན་ལོ་གསར་ཚེས་གཅིག་ཉིན་ཕོ་མོ་རྒན་གཞོན་བཞུགས་གྲལ་སྒྲིག་ནས་ཕྱེ་མར་བཀྱག་གི་ཡོད།
         བོད་ཀྱི་ལོ་གསར་སྤྱིར་ན་ཚེས་གཅིག་ནས་བཅོ་ལྔ་བར་གཏོང་སྲོལ་ཡོད་པ་དང་ཐང་ཆེན་དང་དེ་བཞིན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་རོལ་ཆ་དཀྲོལ་བཞིན་དུ་སྒོར་གཞས་རྒྱག་པ་དང་། ཕྲུ་གུ་ཚོས་ཤོག་སྦག་སྤོར་བ། འབྲོག་ཁུལ་གྱི་འབྲོག་པ་ཚོས་མེ་སྒོང་སྤར་ནས་མཚན་གང་གླུ་ལེན་གར་འཁྲབ་བྱེད་པ། དེས་མ་ཚད་ད་དུང་ཤུགས་འགྲན་པ་དང་། རྡོ་སྒོར། ཐག་པ་འཐེན་པ། རྟ་རྒྱུག་འགྲན་བསྡུར། མདའ་འཕེན་པ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། བསྟན་འཛིན་གྱིས་གསར་འགོད་པར་ཡུལ་སྐོར་བ་ཚང་མ་ས་ཕྱོགས་གང་ས་ནས་ངའི་ཁྱིམ་དུ་སྐུ་མགྲོན་དུ་ཡོང་བས་ལོ་གསར་གྱི་གོམས་སྲོལ་ཁག་གཅིག་ངོ་སྤྲོད་བྱས་ནས་ང་ཚོ་དང་མཉམ་དུ་བོད་ལ་དགའ་སྤྲོ་འཁོལ་བའི་ལོ་གསར་གཏོང་ཐུབ་པ་བྱ་རྒྱུ་ཡིན། ལོ་ལྟར་ལོ་གསར་གཏོང་སྐབས་གྲོགས་པོ་གསར་པ་མང་པོ་ཞིག་ངོ་ཤེས་ཀྱི་འདུག ང་ཚོ་ཚང་མ་མཉམ་དུ་བསྡད་དེ་རང་སོ་སོའི་ལོ་གསར་གཏོང་སྲོལ་ངོ་སྤྲོད་བྱེད་ཀྱི་ཡོད་པས་སྤྲོ་སྣང་འཕེལ་བ་ཞིག་འདུག་ཅེས་བརྗོད་བྱུང་།
         ད་ཆ་འགྲིམ་འགྲུལ་ཉིན་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དཔྱིད་གསར་དུས་ཆེན་རིང་བོད་དུ་སྲོལ་རྒྱུན་གྱི་བོད་ཀྱི་ལོ་གསར་གྱི་དམངས་སྲོལ་ཉམས་སུ་མྱོང་མཁན་ཡུལ་སྐོར་བ་མང་དུ་ཇེ་ཆེར་ཕྱིན་ནས་ཐུན་མོང་མིན་པའི་ལོ་གསར་མཉམ་དུ་མྱོང་རོལ་བྱེད་ཀྱི་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གིས་ཡུལ་སྐོར་བས་བོད་ཀྱི་རིག་གནས་ཕྱོགས་ཡོངས་ནས་ཉམས་སུ་མྱོང་བ་དང་ཤེས་རྟོགས་གཏིང་ཟབ་ཐུབ་ཆེད་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་བོད་རིགས་ཀྱི་ཁྱིམ་དུ་སྐྱོད་ནས“དགུ་ཐུག”འཐུང་བ་སོགས་དམངས་སྲོལ་མྱོང་རོལ་བྱེད་དུ་བཅུག་པ་དང་། ལོ་གསར་ཚེས་གཅིག་ཉིན“ཕྱེ་མར་གྲོ་སོ”འཁྱེར་ནས་ཕན་ཚུན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ། ཚེས་གཉིས་ཉིན་བོད་མི་ཚོས་ཐོག་ཁར་དར་ལྕོག་འཛུགས་པ་སོགས་ལོ་གསར་གྱི་གོམས་སྲོལ་མྱོང་རོལ་ཐུབ་པ་མ་ཟད། ད་དུང་སྐོར་བར་འགྲོ་མཁན་གྱི་དད་ལྡན་པ་དང་མཉམ་དུ་གཙུག་ལག་ཁང་དང་། གྲྭ་བཞི་སོགས་ལ་ཆོས་མཇལ་དུ་བསྐྱོད་ཆོག་པ། དེ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དུས་ཆེན་རྒྱས་ཤོས་སྨོན་ལམ་ཆེ་མོ་འཚོགས་ཀྱི་ཡོད། སྨོན་ལམ་ཆེ་མོའི་རིང་བོད་ཀྱི་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམས་གཙུག་ལག་ཁང་དུ་འཛོམས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་གསོལ་བ་སྨོན་ལམ་འདེབས་པ་དང་ཆབས་ཅིག དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་རྒྱུགས་ལེན་ནང་ཞུགས་ཀྱི་ཡོད། སྨོན་ལམ་ཆེ་མོ་དེ་ཚེས་15ཉིན་བར་རྒྱུན་མཐུད་དེ་རྒྱལ་བ་བྱམས་པ་གདན་འདྲེན་ཞུས་གྲུབ་རྗེས་གཞི་ནས་མཇུག་འགྲིལ་གྱི་ཡོད།
         ཡུལ་སྐོར་བས་ད་དུང་ལྷ་སའི་དགོན་པ་ཆེ་གྲས་གསུམ་ནང་གི་སེ་ར་དང་འབྲས་སྤུངས་ལ་སྨོན་ལམ་ཆེ་མོ་དང་བཅོ་ལྔ་མཆོད་པ་མཇལ་བར་བསྐྱོད་ཆོག གནས་རི་གམ་པ་ལ་རྩེར་རླུང་རྟའི་དར་ལྕོག་འཛུགས་པར་འགྲོ་བ་སོགས་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།