འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུའུ་སོགས་སྡེ་ཚན་གྱིས་བརྡ་ཐོ་བཏང་ནས་གཅོང་ནད་ལྕི་རིགས་དང་ཚབས་
    ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན། དམངས་སྲིད་པུའི་སྤྱི་ཚོགས་རོགས་སྐྱོབ་སིའི་སི་ཀྲང་གཞོན་པ་ཅང་ཝུའེ་ཡིས་ཚེས་21ཉིན་འཚོགས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཟླ་1ཚེས་16ཉིན་དམངས་སྲིད་པུས་ནོར་སྲིད་པུའུ་དང་། མི་སྤྱི་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན། འགན་བཅོལ་ལྟ་སྐུལ་ཨུ་ལྷན། དབུལ་སྐྱོར་གཞུང་ལས་ཁང་སོགས་སྡེ་ཚན་དང་མཉམ་དུ་《སྨན་བཅོས་རོགས་སྐྱོབ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཅོང་ནད་ཚབས་ཆེན་གྱི་འགན་བཅོལ་འབྲེལ་མཐུད་ནུས་ལྡན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཤིང་། བརྡ་ཐོའི་ནང་དཀའ་ངལ་ཡོད་པའི་མང་ཚོགས་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་རྒྱུར་མ་དངུལ་རོགས་རམ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་གཅོང་ནད་ལྕི་རིགས་དང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད།
         ཅང་ཝུའེ་ཡིས་《བརྡ་ཐོའི་》ནང་གནད་དོན་ཕྱོགས་སྟོན་དུ་འཛིན་ལ་མཐའ་འཁྱོངས་ཀྱིས་སྨན་བཅོས་རོགས་སྐྱོབ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཅོང་ནད་ཚབས་ཆེན་གྱི་འགན་བཅོལ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཁེ་དབང་འགན་ལེན་བྱེད་པའི་རྨང་གཞིའི་ནུས་པ་འདོན་སྤེལ་བྱས་ནས་ལམ་ལུགས་ཀྱི་ཁྱབ་པའི་རང་བཞིན་དང་། གནད་སྨིན་གྱི་རང་བཞིན། མང་ཚོགས་ལ་བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་བ་དམིགས་ཚད་དུ་བྱས་ཏེ་ལམ་ལུགས་གཉིས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཀྱི་ཕྱོགས་བསྡུས་འགན་ལེན་གྱི་ཕན་འབྲས་མཐོ་རུ་གཏོང་དགོས་ཞེས་འཁོད་ཡོད་པ།
         གཅིག་ནི་འགན་ལེན་བྱ་ཡུལ་གྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་གནས་ཁག་ལ་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་རྒྱུར་མ་དངུལ་རོགས་རམ་བྱེད་པ་དང་ཆབས་ཅིག ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་གཅོང་ནད་ལྕི་རིགས་དང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ལ་འཇུག་དགོས་པའི་བླང་བྱ་འདོན་དགོས།
         གཉིས་ནི་གཏོང་སྤྲོད་སྲིད་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཕྱོགས་གཅིག་ནས་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་ཐད“དམའ་རུ་གཏོང་བ་གཅིག་དང་། མཐོ་རུ་གཏོང་བ་གཅིག རྒྱ་ཆེར་གཏོང་བ་གཅིག”བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྤྱད་དེ་སྤྱོད་གྲངས་དམའ་ཤོས་དམའ་རུ་གཏོང་བ་དང་། རྩིས་ཞུའི་སྡུར་གྲངས་མཐོ་རུ་གཏོང་བ། ལུགས་མཐུན་གྱི་སྨན་བཅོས་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནད་སྨིན་གཏོང་སྤྲོད་བྱེད་པ་དང་སྦྲགས་ས་གནས་ཁག་ལ་གཟིགས་སྐྱོང་དང་ལྟ་རྟོག་བྱེད་ཐབས་དེ་དག་ས་གནས་ཁག་གི་གཅོང་ནད་ཚབས་ཆེན་གྱི་འགན་བཅོལ་ནང་བཅུག་ནས་ཇུས་གཞི་ལག་ལེན་གྱིས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་འདོན་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ཁག་ལ་གཅོང་ནད་ལྕི་རིགས་དང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་རྒན་རྒོན་དང་། ན་སོ་དར་ལ་མ་བབས་པ། དབང་པོ་སྐྱོན་ཅན་ཚབས་ཆེན། ནད་གཞི་ཚབས་ཆེན་ཕོག་པ། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་ཁྱིམ་ཚང་གི་གཅོང་ནད་ཚབས་ཆེན་ཕོག་པ་རྣམས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སུ་འཇུག་དགོས་པའི་བླང་བྱ་འདོན་དགོས།
         གསུམ་ནི་ལས་སྒྲུབ་ཞབས་ཞུའི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་གནས་ཁག་ལ“འགན་བཅོལ་སྔོན་ལ་བྱེད་པ་དང་རོགས་སྐྱོབ་རྗེས་སུ་བྱེད་པའི”ངེས་རྩིས་ཀྱི་གོ་རིམ་གཞིར་བཟུང་། གནས་ཚུལ་མི་འདྲ་བར་གཞིགས་ནས་འགྲོ་གྲོན་ངེས་རྩིས་ལས་དོན་ཚད་ལྡན་བཟོ་བ་དང་ཆབས་ཅིག“གཅིག་འཐུས་རྣམ་པའི”འཕྲལ་དུ་ངེས་རྩིས་བྱེད་པ་དང་ཆ་འཕྲིན་མཉམ་བཅོས་ལ་སྐུལ་མ་ཧུར་ཐག་བཏང་སྟེ་ལམ་ལུགས་ཁག་གཉིས་འབྲེལ་མཐུད་དང་གསབ་རེས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་ཆབས་ཅིག་མང་ཚོགས་གང་ས་གང་དུ་སྐྱོད་མི་དགོས་པར་འགྲོ་སོང་རྩིས་ཞུ་ཧུར་ཐག་བྱེད་དགོས་པའི་བླང་བྱ་འདོན་དགོས།
         བཞི་ནི་ལྟ་སྐུལ་དོ་དམ་གྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་ཞབས་ཞུའི་འཁོར་སྐྱོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་དང་ཚད་ལྡན་དོ་དམ་ཡག་པོ་བྱས་ཏེ་ལུགས་དང་མི་མཐུན་པའི་སྨན་བཅོས་རྣམ་པ་དང་འགྲོ་གྲོན་ལ་སྔོན་འགོག་ཚོད་འཛིན་བྱེད་དགོས་པའི་བླང་བྱ་འདོན་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།