འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས《ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་དོ་དམ་སྲོལ་ཡིག་(བསམ་འཆར་
    བསྡུ་ལེན་མ་ཟིན་)》ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སྤྱི་བདེ་པུས་《ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་དོ་དམ་སྲོལ་ཡིག་(བསམ་འཆར་བསྡུ་ལེན་མ་ཟིན་)》ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་བསམ་འཆར་ཡོངས་བསྒྲགས་ངང་བསྡུ་ལེན་བྱས་པ་རེད། བསམ་འཆར་བསྡུ་ལེན་མ་ཟིན་ནང་མགྲོན་ཁང་དང་། ཞག་སྡོད་མི་སྣ། སྤྱི་བདེ་ལས་ཁུངས་བཅས་ཀྱི་དབང་ཆ་དང་འོས་འགན་གཏན་འབེབས་བྱས་ཡོད་པ་རེད།
         བསམ་འཆར་བསྡུ་ལེན་མ་ཟིན་ནང་མགྲོན་ཁང་འཛུགས་སྐབས་་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་སྤྲད་པའི་ཚོང་གཉེར་ལག་ཁྱེར་རག་རྗེས་རང་ཉིད་སྡོད་སའི་ས་ཁུལ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ལ་དམིགས་བསལ་ལས་རིགས་ཆོག་འཐུས་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་བར་འགྲོ་དགོས་པའི་གཏན་འབེབས་བྱས་ཡོད།
         མགྲོན་ཁང་གིས“འཕྲལ་མར་སྙན་སེང་ཞུ་དགོས་པ་བཞི”
         བསམ་འཆར་བསྡུ་ལེན་མ་ཟིན་ལྟར་ན། མགྲོན་ཁང་གིས་ཞག་སྡོད་མི་སྣར་སྣེ་ལེན་ཞུ་སྐབས་ངེས་པར་དུ་ཐོ་འགོད་བྱེད་དགོས་པ་དང་། འགྲོ་འོང་མི་སྣའི་དོ་དམ་ལམ་ལུགས་བཟོ་དགོས། ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཆ་འཕྲིན་མ་ལག་གི་ལས་སྟེགས་མདུན་མའི་སྒྲིག་ཆས་ཉིན་ལྟར་འཁོར་རྒྱུག་བདེ་བླག་ཐུབ་པའི་འགན་ལེན་བྱེད་དགོས། ལས་སྟེགས་མདུན་མ་དང་། རྒྱལ་སྒོ། བགྲོད་ལམ་གཙོ་བོ། གློག་སྐས། རླངས་འཁོར་འཇོག་ས་སོགས་སྤྱི་པའི་ཁྱབ་ཁོངས་སུ་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མཐུན་ལ་ཚད་གཞི་དང་བླང་བྱ་དང་ཡང་མཐུན་པའི་ལྡིར་སོ་སྤྲོས་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་འབྲེལ་གཉེར་སྐྱོང་བྱེད་རིང་འཁོར་རྒྱུག་བདེ་བླག་ཐུབ་པའི་འགན་ལེན་ཡང་བྱེད་དགོས།
         བསམ་འཆར་བསྡུ་ལེན་མ་ཟིན་ནང་མགྲོན་ཁང་དང་དེའི་ལས་དོན་པས་གཤམ་གསལ་གནས་ཚུལ་གྲས་ཀྱི་རིགས་གཅིག་ལྡན་པ་ཤེས་རྟོགས་བྱུང་ཚེ་སྤྱི་བདེ་ལས་ཁུངས་སུ་འཕྲལ་མར་སྙན་སེང་ཞུ་དགོས་པའི་གཏན་འབེབས་བྱས་པ་སྟེ། (གཅིག)ཞག་སྡོད་མི་སྣས་ཐོབ་ཐང་ལག་ཁྱེར་ཨུ་ཚུགས་ཀྱིས་མ་བསྟན་པ་དང་། མི་གཞན་གྱི་ཐོབ་ཐང་ལག་ཁྱེར་གཡར་ནས་བསྟན་པའམ་ཡང་ན་རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་ཐོབ་ཐང་ལག་ཁྱེར་བསྟན་པ། དེ་བཞིན་རྒྱལ་ཁོངས་ཕྱི་ནས་ཡིན་པའི་ཞག་སྡོད་མི་སྣའི་ཐོབ་ཐང་ལག་ཁྱེར་རིགས་བསྟན་པ་དང་བདེན་རྫུན་དབྱེ་འབྱེད་དཀའ་བའི་རིགས་བསྟན་པ་བཅས་ཀྱི་རིགས་དང་། (གཉིས)ཉེན་ཆེའི་དངོས་རྫས་དང་། བཀག་སྡོམ་ལས་འགལ་བའི་དངོས་རྫས། སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་ནས་བཙལ་འཚོལ་བྱེད་པའི་བརྐུས་དངོས་སམ་ཡང་ན་བརྐུས་དངོས་ཡིན་པའི་དོགས་གཞི་ཡོད་པའི་དངོས་རྫས་བཅས་འཁྱེར་བའི་རིགས། (གསུམ)ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པའམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀའ་རྒྱ་བཏང་བའི་རིགས། (བཞི)མགྲོན་ཁང་དུ་ཉེས་དོན་དང་བདེ་འཇགས་གྱོད་དོན་ཐོན་པའི་རིགས་བཅས་སོ།
         དུས་མཚུངས་སུ་མགྲོན་ཁང་དང་དེའི་ལས་དོན་པས་གཤམ་གསལ་བྱ་སྤྱོད་སྤེལ་མི་ཆོག་པའི་གཏན་འབེབས་བྱས་པ་སྟེ།(གཅིག)རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། ཡུལ་སྐོར་བའི་མི་ལུས་རྒྱུ་ནོར་གྱི་བདེ་འཇགས་བཅས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་རིགས་དང་།(གཉིས)མགྲོན་ཁང་ལ་བརྟེན་ནས་སྨད་འཚོང་། འཆལ་རྒྱུག་དང་། རྒྱན་པོ་འགྱེད་པ། དུག་འཐེན་པ། གཡེམ་སྦྱོར་དངོས་རྫས་ཁྱབ་སྤེལ་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་བའི་རིགས། (གསུམ)ཁྲིམས་འགལ་ཉེས་གསོག་པས་མགྲོན་ཁང་ནང་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་བ་ཤེས་ནའང་མི་ཤེས་ཁུལ་གྱིས་དེར་གསང་བརྡ་བཏང་བ་དང་། སྦ་གསང་བྱས་པ། རྒྱ་ཡན་དུ་གཏོང་བ། དེ་བཞིན་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྦ་གསང་བྱེད་པ་སོགས་ཀྱི་རིགས། (བཞི)གཞན་ལ་བཙན་ཤེད་ཀྱིས་ཞག་སྡོད་བྱེད་དུ་འཇུག་པའམ་ཡང་ན་ཞབས་འདེགས་གཞན་དག་ཞུས་པ། (ལྔ)ཐོབ་ཐང་གསལ་པོ་མེད་པ་དང་། ཐོབ་ཐང་ལག་ཁྱེར་མི་བསྟན་པ། མི་དང་ལག་ཁྱེར་གཅིག་མཚུངས་མིན་པ་བཅས་ཀྱི་མིར་ཞག་སྡོད་ཞབས་འདེགས་ཞུས་པ། (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་གཞན་དག་སྤེལ་བའི་རིགས་བཅས་སོ།
         བསམ་འཆར་བསྡུ་ལེན་མ་ཟིན་ནང་མགྲོན་ཁང་དང་དེའི་ལས་དོན་པར་བཅའ་ཁྲིམས་འགན་འཁྲི་མང་པོའི་ཐད་ཀྱི་གཏན་འབེབས་ཀྱང་བྱས་པ་སྟེ།
         ཞིག་སྡོད་མི་སྣས“བྱེད་དགོས་པ་ལྔ”
         བསམ་འཆར་བསྡུ་ལེན་མ་ཟིན་ལྟར་ན། ཞག་སྡོད་མི་སྣས་གཤམ་གསལ་གཏན་འབེབས་ཁག་ལ་སྲུང་བརྩི་ཞུ་དགོས་པ་སྟེ། (གཅིག)རང་ཉིད་ཀྱི་གོ་ཆོད་ཐོབ་ཐང་ལག་ཁྱེར་བསྟན་ཏེ་འགྲུལ་ཁང་གིས་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱེད་པར་གཞོགས་འདེགས་བྱེད་དགོས་པ་དང་གོ་ཆོད་ཐོབ་ཐང་ལག་ཁྱེར་འཁྱེར་མེད་པའི་རིགས་སྤྱི་བདེ་ལས་ཁུངས་བརྒྱུད་ཐོབ་ཐང་བདེན་མིན་དབྱེ་འབྱེད་བྱས་རྗེས་མགྲོན་ཁང་གིས་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱེད་པར་གཞོགས་འདེགས་བྱེད་དགོས་པ་དང་། (གཉིས)མི་གཞན་ཞག་སྡོད་བྱེད་དུ་འཇུག་པའམ་ཡང་ན་ཐོ་འགོད་བྱས་པའི་ཁང་པར་མི་གཞན་སྡོད་དུ་འཇུག་པའི་རིགས་སྲོལ་ཡིག་འདི་གའི་གཏན་འབེབས་གཞིར་བཟུང་ཞག་སྡོད་བྱེད་མཁན་གྱིས་ཞག་སྡོད་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པ། (གསུམ)འབར་གས་སླ་བའི་དངོས་རྫས་དང་། དུག་རྫས། རུལ་བསླད་རང་བཞིན། འགྱེད་འཕྲོའི་རང་བཞིན་སོགས་ལྡན་པའི་ཉེན་ཡོད་དངོས་རྫས་དང་བཀག་སྡོམ་བྱེད་ཁོངས་སུ་ཚུད་པའི་ཡོ་བྱད་དང་། གཡེམ་སྦྱོར་དངོས་རྫས། དུག་རྫས་སོགས་བཀག་རྒྱ་ལས་འགལ་བའི་དངོས་རྫས་འགྲུལ་ཁང་ནང་འཁྱེར་རྒྱུ་བཀག་འགོག་བྱེད་དགོས་པ། (བཞི)སྨད་འཚོང་། འཆལ་རྒྱུག་དང་། རྒྱན་པོ་འགྱེད་པ། དུག་འཐེན་པ། གཡེམ་སྦྱོར་དངོས་རྫས་ཁྱབ་སྤེལ་གཏོང་བ། དེ་བཞིན་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་གཞན་སྤེལ་བ་བཅས་བྱེད་མི་ཆོག(ལྔ)དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་ཡང་ན་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཕོག་པའི་མི་མགྲོན་ཁང་དུ་ཞག་སྡོད་བྱེད་སྐབས་ལྟ་སྐྱོང་པའམ་ཡང་ན་ལྟ་སྐྱོང་པས་མངགས་པའི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་རྦད་དེ་ལྡན་པའི་མི་གཞན་དང་མཉམ་དུ་ཞག་སྡོད་བྱེད་དགོས་པ་བཅས་སོ།
         བསམ་འཆར་བསྡུ་ལེན་མ་ཟིན་ནང་ད་དུང་ཞག་སྡོད་མི་སྣས་གོང་གསལ་དོན་ཚན་གྱི་གཏན་འབེབས་གཉིས་པ་ལས་འགལ་རིགས་སྤྱི་བདེ་ལས་ཁུངས་ཀྱིས་མཐའ་ཚིག་བསྒྲག་རྒྱུ་མ་ཟད། སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཏོང་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད།
         སྤྱི་བདེ་ལས་ཁུངས་ཀྱི“འགན་འཁྲི་ཁག་ལྔ”
         བསམ་འཆར་བསྡུ་ལེན་མ་ཟིན་ནང་སྤྱི་བདེ་ལས་ཁུངས་ཀྱིས་གཤམ་གསལ་འགན་འཁྲི་ལག་བསྟར་བྱེད་དགོས་པའི་གཏན་འབེབས་བྱས་པ་སྟེ། (གཅིག)མགྲོན་ཁང་འཛུགས་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས་པ་མ་ཟད། བདེ་འཇགས་དོ་དམ་ལམ་ལུགས་དང་བདེ་འཇགས་འགོག་ཟོན་བྱ་ཐབས་ཀྱང་དོན་འཁྱོལ་བྱེད་དགོས་པ་དང་། (གཉིས)མགྲོན་ཁང་དུ་བདེ་སྲུང་དང་། མེ་ཟོན། དྲ་རྒྱའི་བདེ་འཇགས། དུག་འགོག་སོགས་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ཁྲིམས་བཞིན་སྤེལ་དགོས་ལ་མགྲོན་ཁང་བདེ་འཇགས་དོ་དམ་གྱི་ཡིག་ཚགས་ཀྱང་བཟོ་དགོས་པ། (གསུམ)མགྲོན་ཁང་ནང་ལྷག་པའི་ཉེས་དོན་དང་བདེ་འཇགས་ཀྱི་གྱོད་དོན་ཁྲིམས་བཞིན་དུས་ཐོག་ཏུ་རྩད་གཅོད་བྱེད་དགོས་པ། (བཞི)མགྲོན་ཁང་གིས་བདེ་སྲུང་བདེ་འཇགས་དང་ཞག་སྡོད་རང་མིང་ཐོ་འགོད་ཐད་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་དང་དེ་བཞིན་མཛུབ་ཁྲིད་ཀྱང་བྱེད་དགོས་པ། (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།
         བསམ་འཆར་མ་ཟིན་བསྡུ་ལེན་ནང་སྤྱི་བདེའི་མི་དམངས་ཉེན་རྟོག་པས་དབང་ཆ་གང་བྱུང་དུ་སྤྱད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པ། ཉེ་ཕྱོགས་གཡོ་ཟོལ་བྱས་པའམ་ཡང་ན་ཞག་སྡོད་མི་སྣའི་ཆ་འཕྲིན་གཞན་ལ་བཤད་པ་སོགས་ཀྱི་བྱེད་སྤྱོད་ལྡན་རིགས་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ་དང་། ཉེས་གསོག་གི་ཚད་དུ་སླེབས་རིགས་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པ། ཞག་སྡོད་མི་སྣར་གྱོང་གུན་ཕོག་རིགས་ཁྲིམས་བཞིན་གྱོང་གུན་ཁ་གསབ་ཀྱི་འགན་འཁྲི་འཁུར་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།