འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གཙོ་གནད་ཤེས་ལྡན་མི་སྣའི་འདུ་འགོད་ཁག་ལྔ་ལ་སྐུལ་འདེད་བཏང་ནས
    “ཀྲུང་གོའི་ལན་པར”གཏོད་རྒྱུར་རོགས་སྐྱོར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་14ཉིན་སློབ་གསོ་པུས་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་འཚོགས་ནས་ངོ་སྤྲོད་བྱས་པར་་གཞིགས་ན། སློབ་གསོ་པུའུ་དང་། མི་ཤུགས་སྤྱི་ཚོགས་པུའུ། བཟོ་འཕྲིན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་《བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཆར་འགོད་ཀྱི་ཕྱོགས་སྟོན་》པར་འགྲེམས་བྱས་ནས་ཀྲུང་གོའི་བཟོ་སྐྲུན་ཐད་ཀྱི“གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པའི”འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་ཆེད་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འདིང་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         སློབ་གསོ་པུའི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་སྐོར་ཞིབ་པ་ཝང་ཅི་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས་མི་ཤུགས་ཐོན་ཁུངས་ཀྱི་གྲུབ་ཆ་རིམ་གྱིས་ལེགས་སུ་ཕྱིན་མོད། འོན་ཀྱང་ཤེས་ལྡན་མི་སྣའི་གྲུབ་ཆ་ཚད་ལས་བརྒལ་བ་དང་དཀོན་པའི་གནས་ཚུལ་དུས་གཅིག་ཏུ་གནས་པ་དང་། སྣེ་འདྲེན་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་ཧ་ཅང་དཀོན་པ། རྨང་གཞིའི་བཟོ་སྐྲུན་དང་སྔོན་ཐོན་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་མི་འདང་བ། བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁེ་ལས་ཀྱི་དོན་དངོས་དགོས་མཁོ་མི་འཚམ་པ་སོགས་ཀྱི་གནད་དོན་གནས་ཡོད་པ་རེད།
         དེའི་ཕྱིར་《བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཆར་འགོད་ཀྱི་ཕྱོགས་སྟོན་》ནང་བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་མཁོ་སྤྲོད་གྲུབ་ཆ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་དམ་ཟབ་མགྱོགས་མྱུར་ཐུབ་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་འཚམ་པའི་འགག་རྩའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གཏོད་པ། ལག་རྩལ་བྱང་ཆུབ་པའི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་གཏོད་པ། ཆུ་ཚད་མཐོ་བའི་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། རྒྱལ་སྤྱིའི་མཐོང་རྒྱ་ལྡན་པའི་ཁེ་ལས་མཁས་ཅན་གསོ་སྐྱོང་ནུས་ལྡན་བྱེད་པ་སོགས་ཐད་ཀྱི་གཙོ་གནད་ལས་འགན་གསལ་སྟོན་བྱས་ཡོད་པ་དང་། བཟོ་སྐྲུན་ལས་རིགས་དང་སློབ་གསོ་མཉམ་འདྲེས་འཕེལ་རྒྱས་ཀྱི་འདུ་འགོད་དང་། གསར་གཏོད་རྣམ་པའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་གསར་སྤེལ་འདུ་འགོད། བཟོ་རྩལ་མཁས་པ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འདུ་འགོད། ཁེ་ལས་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣའི་འཕེལ་རྒྱས་འདུ་འགོད། ལས་བཟོ་ཡོངས་ཀྱི་ཆུ་ཚད་དང་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད་བཅས་བཏོན་ཡོད་པ་རེད།
         ཕྱོགས་སྟོན་ནང་། བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཐད་དམིགས་ཚད་བཏོན་ཡོད་པ་སྟེ། 2020ལོ་བར་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་མི་ཤུགས་ཐོན་ཁུངས་འཛུགས་སྐྲུན་གྱི་རྣམ་པ་ཞིག་ཆགས་པ་བྱས་ནས་གྲངས་འབོར་འདང་ངེས་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་དང་བཏོད་དེ་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཤེས་ལྡན་མི་སྣའི་ལེགས་ཆ་སྤྱིར་ན་གཏན་འཁེལ་བྱེད་དགོས་པ་དང་། 2020ལོར་སླེབས་སྐབས་བཟོ་སྐྲུན་ལས་རིགས་ཀྱི་ལས་ཞུགས་མི་སྣར་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་གྲངས་ལོ་11ཡན་ཟིན་པ་དགོས་པ། བཟོ་སྐྲུན་ལས་རིགས་ཀྱི་ལས་ཞུགས་མི་སྣའི་ཁྲོད་མཐོ་རིམ་སློབ་གསོ་ཐོབ་མྱོང་མཁན་གྱིས་བསྡུར་གྲངས་བཟུང་ཚད་22%ཟིན་པ་བྱེད་དགོས་པ། འཇོན་ཐང་ཆེ་བའི་ཤེས་ལྡན་མི་སྣས་རྩལ་ནུས་ངལ་རྩོལ་པའི་བསྡུར་གྲངས་བཟུང་ཚད་28%ཙམ་ཟིན་པ་དང་། ཞིབ་འཇུག་གསར་སྤེལ་མི་སྣས་ལས་ཞུགས་མི་སྣའི་བསྡུར་གྲངས་བཟུང་ཚད་6%ཡན་ཟིན་པ་བྱེད་དགོས་པ་དང་འབྲེལ་ཤེས་ལྡན་མི་སྣའི་ཁྱབ་ཚུལ་དང་། རིམ་པ། གྲུབ་ཆ་བཅས་དེ་བས་ལེགས་སུ་གཏོང་དགོས་པ་དེ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།