འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ལོ་35ཡན་གྱི་མི་ལ་ཁྱོན་ཡོངས་ནས་ཁྲག་ཤེད་བརྟག་དཔྱད་ཐོག་མར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཀྲུང་གོའི་གཅོང་ནད་འགོག་བཅོས་བྱེད་པའི་དུས་ཡུན་རིང་འབྲིང་གི་འཆར་འགོད་(2017ནས་2025ལོ་བར)》པར་འགྲེམས་བྱས་པ་དང་། རང་རྒྱལ་གྱིས་དམངས་ཡོངས་ཀྱི་བདེ་ཐང་ངང་འཚོ་བ་སྐྱེལ་སྟངས་ཀྱི་བྱ་སྤྱོད་སྤེལ་ནས“འཕྲི་བ་གསུམ་དང་བདེ་ཐང་གསུམ”(བཟའ་ཚྭ་དང་། སྣུམ། མངར་ཆ་ཉུང་འཕྲི་གསུམ་དང་། ཁ་སྦུག་བདེ་ཐང་དང་། གཟུགས་པོའི་ལྗིད་ཚད་རན་པོ། རུས་པ་བཅས་བདེ་ཐང་ཡོང་བ་གསུམ)སོགས་ཆེད་དོན་བྱ་སྤྱོད་སྤེལ་ནས་ལོ་35ཡན་གྱི་མི་ལ་ཕྱོགས་ཡོངས་ནས་ཁྲག་ཤེད་བརྟག་དཔྱད་ཐོག་མར་བྱས་ཏེ། ཁྲག་ཤེད་མཐོན་པོ་དང་ཉེན་ཁ་ཆེ་བའི་མིར་དུས་ཐོག་ཏུ་སྔོན་འགོག་གྱི་མཛུབ་སྟོན་བྱ་རྒྱུ་རེད།
             《འཆར་འགོད་》ནང་། གཅོང་ནད་ཅེས་པ་ནི་སྙིང་ཀླད་ཁྲག་རྩ་འགགས་པའི་ནད་དང་། སྐྲན་ནད། དལ་བའི་དབུགས་ལམ་ནད། གཅིན་སྙི་ཟགས་ཁུའི་ནད། ཁ་ནད་དང་དེ་བཞིན་གསང་རྒྱུད་ཟགས་གཤེར་དང་། མཁལ་མ། རུས་པ། དབང་རྩ་སོགས་ཀྱི་གཅོང་ནད་ལ་ཟེར། གཅོང་ནད་ནི་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་ལ་གནོད་ཆེན་པོ་སྐྱེལ་བའི་རིམ་པ་དང་པོའི་ནད་གཞིའི་གྲས་ཡིན་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་བཟོ་བའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པར་བརྟེན་2020ལོར་སླེབས་སྐབས། གཅོང་ནད་སྔོན་འགོག་བྱེད་པའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་གཅོང་ནད་རྐྱེན་གྱིས་དུས་མིན་ཤི་ཚད་ཉུང་དུ་བཏང་ནས་ལོ་སུམ་ཅུ་ནས་བདུན་ཅུ་བར་གྱི་མི་ལ་སྙིང་ཀླད་ཁྲག་གསུམ་གྱི་ནད་དང་། འབྲས་སྐྲན། དལ་བའི་རང་བཞིན་གྱི་དབུགས་ལམ་མ་ལག་གི་ནད། གཅིན་སྙི་ཟགས་ཁུའི་ནད་ཀྱིས་རྐྱེན་པས་དུས་མིན་ཤི་ཚད་2015ལོ་ལས་10%ཉུང་དུ་གཏོང་རྒྱུ་དང་། 2025ལོར་སླེབས་སྐབས་གཅོང་ནད་ཕོག་པའི་རྒྱུ་རྐྱེན་ནུས་ལྡན་བཀག་ནས་མི་ཚོགས་ཀྱི་ལུས་པོའི་གནས་སྟངས་བདེ་ཐང་ཡོང་བ་བྱས་ནས་ལོ་སུམ་ཅུ་ནས་བདུན་ཅུ་བར་གྱི་མི་ཚོགས་ཀྱི་སྙིང་ཀླད་ཁྲག་གསུམ་གྱི་ནད་དང་། འབྲས་སྐྲན། དལ་བའི་རང་བཞིན་གྱི་དབུགས་ལམ་མ་ལག་ནད། གཅིན་སྙི་ཟགས་ཁུའི་ནད་ཀྱི་རྐྱེན་པས་དུས་མིན་ཤི་ཚད་2015ལོ་ལས་20%ཉུང་དུ་གཏོང་རྒྱུ་ཡིན་ལུགས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།