འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པའི་ཐེམ་ཐོ་གཞན་སྒྱུར་མི་འབོར་གྲོང་ཁྱེར་དུ་འགྱུར་རྒྱུ་སྟབས་བདེ་བྱུང་བ།

    —— རང་རྒྱལ་གྱི་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་སྐོར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་བྱེད་པའི་བསམ་འཆར་དང་གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག“གཉིས་དོན་འཁྱོལ”བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོ་གྲོང་མིའི་ཐེམ་ཐོར་གཅིག་གྱུར་བཟོས་པས། ཞིང་ལས་གཞན་སྒྱུར་མི་འབོར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ཐེམ་ཐོ་བཟོ་ཚད་མངོན་གསལ་གྱིས་མང་དུ་སོང་བ་དང་། ཡུལ་གཞན་ནས་གྲོང་ཁྱེར་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་མཁན་ལ“གཏོགས་སེམས”ཤིག་ངང་གིས་སྐྱེས་ཡོད།
           ཞིང་པའི་ཐེམ་ཐོ་གཞན་སྒྱུར་མི་འབོར་དུང་ཕྱུར་མང་པོའི“གྲོང་མི་བྱེད་པའི་བསམ་འདུན”གྲུབ་པ།
          ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཀྱི་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་ཚོགས་འདུ་གལ་ཆེན་མང་པོ་འཚོགས་ཏེ་ཞིབ་འཇུག་དང་་བཀོད་སྒྲིག་ཀྱང་བྱས་པ་རེད།
         སྒྱུར་བཅོས་དང་འབྲེལ་བའི་མི་གྲངས་འབོར་ཆེ་བ་ནི་སྔོན་བྱུང་མྱོང་མེད་ལ། ལམ་ལུགས་ཀྱི་རྩེ་རིམ་ཇུས་འགོད་ནས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བར་དང་། ཐེམ་ཐོ་སྤོ་སྒྱུར་སྲིད་ཇུས་བཟོ་བ་ནས་དེ་དང་འབྲེལ་བའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་སྒྱུར་བཅོས་ཀྱི་སྲིད་ཇུས་ལེ་ལག་འཐུས་ཚང་ཡོང་བ་བྱེད་པའི་བར་གྱི་གོམ་སྟབས་རེ་རེ་བརྟན་པོའི་ངང་སྤོས་ཡོད།
          2014ལོའི་ཟླ་7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་དང་། 2016ལོའི་ཟླ་1ཚེས་1ཉིན་《གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་》ལག་ལེན་བསྟར་ཞིང་། 2016ལོའི་ཟླ་གཉིས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་ཁྱེར་དང་གྲོང་རྡལ་གསར་པར་འགྱུར་བར་བྱེད་པའི་འཛུགས་སྐྲུན་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་པ་དང་། ཟླ་དགུ་པར་《གནས་སྡོད་བྱ་ཡུལ་དུ་ཐེམ་ཐོ་མེད་པའི་མི་འབོར་དུང་ཕྱུར་གཅིག་ལ་གྲོང་ཁྱེར་གྱི་ཐེམ་ཐོ་བཟོ་རྒྱུར་སྐུལ་མ་གཏོང་བའི་ཇུས་གཞི་》བཀྲམས་པ་རེད།
         སྤྱི་བདེ་པུས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་སྒྲིག་འཛུགས་ཀྱི་འགོ་ཁྲིད་གྱི་ནུས་པ་ལེགས་པར་བཏོན་ནས་སྤྱི་བདེ་ལས་ཁུངས་ཀྱི་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་ལས་ཀར་དམ་འཛིན་ཤུགས་ཆེན་བྱས་ཏེ་འཕྲལ་མར་ཞིབ་འཇུག་སྒོས་དོན་འཁྱོལ་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་པ་དང་། པུའུ་ཨུད་13ཞུགས་པའི་སྒྱུར་བཅོས་ཆེད་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་ནས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་སྲིད་ཇུས་མ་ལག་འཐུས་ཚང་ཡོང་བར་སྐུལ་མ་བཏང་ཞིང་། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་བ་རེད།
         ན་ནིང་རྒྱལ་ཡོངས་ཀྱི་ཞིང་པའི་ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོར་འགྱུར་ཚད་41.2%ཟིན་པ།
         ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཟམ་མི་ཆད་པར་བྱེད་པ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་གཅིག་གྱུར་གྱི་ཐེམ་ཐོ་འགོད་པའི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཁར། ས་གནས་ཁག་ཏུ་ཞིང་ལས་ཐེམ་ཐོ་དང་ཞིང་ལས་མིན་པའི་ཐེམ་ཐོའི་ངོ་བོ་དབྱེ་འབྱེད་དང་དེ་ལས་བསྐྱེད་པའི་ཐེམ་ཐོ་སྔོན་པོ་སོགས་ཀྱི་རིགས་མང་པོ་མེད་པར་བཟོས་ནས། གྲོང་མིའི་ཐེམ་ཐོར་གཅིག་གྱུར་ཡོང་བ་བྱས་པར་བརྟེན། ད་ནས་ཞིང་ལས་ཐེམ་ཐོ་དང་ཞིང་ལས་མིན་པའི་ཐེམ་ཐོར་གཞིགས་ནས་གྲོང་གསེབ་དང་གྲོང་ཁྱེར་ནས་ཡིན་པ་དབྱེ་བ་འབྱེད་མི་དགོས།
         དེ་དང་མཉམ་དུ་ས་གནས་ཁག་གི་ཐེམ་ཐོ་སྤོ་བའི་སྲིད་ཇུས་ཁྱོན་ཡོངས་ནས་གུ་ཡངས་སུ་དང་གྲོང་ཁྱེར་ཆེ་འབྲིང་མང་པོར་ཐེམ་ཐོ་བཟོ་བའི་ཆ་རྐྱེན་དམའ་རུ་འོས་འཚམ་བཏང་ནས། རྒྱ་ཆེའི་ཞིང་པའི་ཐེམ་ཐོ་གཞན་སྒྱུར་མི་འབོར་གྲོང་ཁྱེར་གྱི་ཐེམ་ཐོར་བཟོ་བའི་དགོས་མཁོ་ཧུར་ཐག་བསྐངས་པ་རེད།
         དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཁག་གཅིག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐེམ་ཐོ་བཟོ་བའི་ཆ་རྐྱེན་དམའ་རུ་གཏོང་གང་ཐུབ་བྱས་ཤིང་། སི་ཁྲོན་ཞིང་ཆེན་དང་། ཀུའེ་ཀྲོའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་བཅས་ཀྱིས་ཞིང་ཆེན་གྱི་ལྟེ་གནས་(ལྟེ་བའི་གྲོང་ཁྱེར)ཕུད་ཞིང་ཆེན་དེ་ཡོངས་(རང་སྐྱོང་ལྗོངས)ཀྱི་གྲོང་ཁྱེར་གཞན་དག་ཏུ་ཐེམ་ཐོ་བཟོ་བའི་ཚད་གཞི་ཕྱོགས་ཡོངས་ནས་དམའ་རུ་བཏང་ཡོད།
         ཐེམ་ཐོ་སྤོ་བའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་སྦྲགས་ས་གནས་ཁག་གི་ཞིང་པའི་ཐེམ་ཐོ་གཞན་སྒྱུར་མི་འབོར་དང་རྒྱུན་སྡོད་མི་འབོར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་བཟོ་ཚད་མངོན་གསལ་གྱིས་མང་དུ་འཕེལ་བ་རེད།
         གནས་སྡོད་ལག་ཁྱེར་ལམ་ལུགས་ལག་ལེན་བསྟར་ནས་ན་ནིང་གནས་སྡོད་ལག་ཁྱེར་ཁྲི་2890སྤྲད་པ།
         2016ལོའི་ཟླ་1ཚེས་1ཉིན་《གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་》ལག་ལེན་བསྟར་བ་ནས་བཟུང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས། ནང་སོག ལེའོ་ཉིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་25ཚང་མས་ལག་བསྟར་བྱེད་ཐབས་བཏོན་ནས། གནས་སྡོད་ལག་ཁྱེར་གྱིས་གནས་གཡར་ལག་ཁྱེར་གྱི་གོ་ཆོད་པར་བྱས་ཡོད།
         སྤྱི་བདེ་པུས་ས་གནས་ཁག་ཏུ་གནས་གཡར་ལག་ཁྱེར་ལམ་ལུགས་མེད་པར་བཟོ་བའི་བཀོད་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་གནས་སྡོད་ལག་ཁྱེར་ལག་ལེན་བསྟར་བས། གནས་སྡོད་ལག་ཁྱེར་ལམ་ལུགས་དང་འབྲེལ་བའི་ས་གནས་ཀྱི་ཁྲིམས་སྲོལ་དང་སྲིད་ཇུས་སྔར་བས་དག་ཐེར་ཐུབ་སྟེ། གནས་སྡོད་ཐོ་འགོད་དང་གནས་སྡོད་ལག་ཁྱེར་གྱི་འགྲོ་ལུགས་གཉེར་བའི་ལས་དོན་ཡག་པོ་སྤེལ་བ་རེད།
         2016ལོར་གནས་སྡོད་ལག་ཁྱེར་ཁྲི་2890སྤྲད་པའི་ཁྲོད་པེ་ཅིང་གིས་ཁྲི་169ལྷག་དང་། ཧྲང་ཧའེ་ཡིས་ཁྲི་40.6 ཀོང་ཀྲོའི་ཡིས་ཁྲི་81 ཧྲེན་ཀྲེན་གྱིས་ཁྲི་171.5སྤྲད་པ་རེད།
         གནས་སྡོད་ལག་ཁྱེར་འདུན་ཞུ་ཐོག་མར་བྱེད་མཁན་ལ། ས་གནས་ཁག་གིས་འདུན་ཞུ་མཁན་གྱིས་ངེས་པར་གཞིས་ཆགས་ཡུལ་དུ་ལོ་ཕྱེད་ཡན་སྡོད་དགོས་པ་དང་། སྔོན་གནས་སྡོད་ལག་ཁྱེར་གཉེར་ནས་གོ་ཆོད་ཀྱི་དུས་ཚོད་མ་ཐིམས་པའི་ནང་གནས་སྡོད་ལག་ཁྱེར་འདུན་ཞུར་ཆོག་མཆན་སྤྲོད་རྒྱུ་དང་ཆབས་ཅིག་གནས་གཡར་ལག་ཁྱེར་གྱི་ལོ་ཚད་དེ་གནས་སྡོད་ཀྱི་དུས་བཀག་ནང་འཇུག་རྒྱུ། གནས་སྡོད་ལག་ཁྱེར་གྱི་འགྲོ་ལུགས་གཉེར་མེད་རིགས་ལ་དཔྱད་གཞི་གཞན་གྱིས་རང་ཉིད་དེ་གར་ལོ་ཕྱེད་ཡན་བསྡད་པའི་དཔང་རྟགས་ཐོབ་ཚེ་གནས་སྡོད་ལག་ཁྱེར་གཉེར་ཆོག་གི་ཡོད།
         ས་གནས་ཁག་ཏུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་《གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་》ནང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆེན་པོ་དྲུག་དང་རྣམ་གྲངས་བདུན་གྱི་ཐོག་ནས་ཕན་བདེ་བསྐྲུན་རྒྱུ་གཏན་འཁེལ་བྱས་པ་མ་ཟད། ཧུར་ཐག་གི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཞབས་ཞུའི་ཚད་གཞི་མཐོ་རུ་བཏང་ཡོད།
         ཐེན་ཅིན་དང་། ཧོ་པེ། ཧྲན་ཤིས། ཧེ་ལུང་ཅང་། ཅང་སུའུ། ཅང་ཤིས། ཧྲན་ཏུང་། ཧུའུ་པེ། ཁྲུང་ཆིང་། ཧྲའན་ཤིས་བཅས་སུ་གནས་སྡོད་ལག་ཁྱེར་ཡོད་མཁན་དང་མཉམ་དུ་འཚོ་བ་སྐྱེལ་བའི་བུ་ཕྲུག་གཏན་འབེབས་བཞིན་ས་གནས་ཀྱི་འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་ཞུགས་ཆོག་གི་ཡོད་པ་རེད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་དབྱི་ཀྲན་གྱིས།༽
      

    ཕྱོགས་བསྡུས་གསར་འགྱུར།