འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཚད་གཞི་ཁྱོན་ཡོངས་ནས་ རིན་མེད་ངང་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤུས་ཚད་ལྟ་ཞིབ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚད་ལྡན་ཅན་མཐུན་སྦྱོར་སྐུལ་འདེད་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་གཞུང་དོན་ཁང་གི་མིང་ཐོག་ནས་《རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》(གཤམ་ལ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་ཚད་གཞི་ཚང་མ་རིན་མེད་ངང་ཡོངས་བསྒྲགས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
          རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་བྱེད་པའི་ནང་དོན་གྲས་སུ་རྒྱལ་ཁབ་ཀྱི་ཚད་གཞིའི་ཡིག་ཆ་(བཟོ་བཅོས་ཤོག་ལྷེ་ཚུད)དང་། རྒྱལ་ཁབ་ཀྱི་ཚད་གཞིའི་ཁ་བྱང་ཆ་འཕྲིན་དཔེར་ན། ཚད་ལྡན་ཨང་རྟགས་དང་། ཚད་ལྡན་གྱི་རྒྱ་ཡིག་མིང་། ཚད་ལྡན་གྱི་དབྱིན་ཡིག་མིང་། ཡོངས་བསྒྲགས་དུས་ཚོད་སོགས། རྒྱལ་ཁབ་ཀྱི་ཚད་གཞིའི་ལམ་ལུགས་བཟོ་བཅོས་ཆ་འཕྲིན་དཔེར་ན། ཚད་གཞི་མ་བཟོས་གོང་གི་སྤྱི་བསྒྲགས་ཆ་འཕྲིན་དང་། ཚད་གཞི་ཡོངས་བསྒྲགས་བྱེད་པའི་བརྡ་ཆ། ཚད་གཞི་མེད་པ་བཟོ་བའི་བརྡ་ཆ་སོགས་ཚུད་ཡོད་པ་རེད།
         《ཇུས་གཞིའི་》ནང་རྒྱལ་ཁབ་ཀྱི་ཚད་གཞིའི་ཡོངས་བསྒྲགས་དུས་བཅད་ཁ་གསལ་བཏོན་ཞིང་། གསར་དུ་ཆོག་མཆན་སྤྲད་དེ་ཡོངས་བསྒྲགས་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞིའི་ཡིག་ཆ་དེ་ཡོངས་བསྒྲགས་འགྲེམས་སྤེལ་བྱས་རྗེས་ཀྱི་ལས་ཀའི་ཉིན་20ཡི་ནང་ཚུན་དུ་ཡོངས་བསྒྲགས་བྱེད་པ་དང་རྒྱལ་ཁབ་ཀྱི་ཚད་གཞིའི་ཁ་བྱང་ཆ་འཕྲིན་དང་ལམ་ལུགས་བཟོ་བཅོས་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས། རྒྱལ་སྤྱིའི་(ཕྱི་རྒྱལ)ཚད་གཞིའི་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ཡིག་ཆ་སྤྱད་དེ་རྒྱལ་སྤྱིའི་(ཕྱི་རྒྱལ)པར་དབང་སྲིད་ཇུས་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡོངས་བསྒྲགས་བྱེད་དགོས་པ་དང་། ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞིར་ཆ་མཚོན་ན། དུས་མཚམས་དབྱེ་ནས་རིན་མེད་ངང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་2020ལོར་སླེབས་སྐབས་ཚང་མ་ཡོངས་བསྒྲགས་ཐུབ་པ་བྱེད་དགོས།
         《ཇུས་གཞིའི་》ནང་ད་དུང་རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་བྱེད་སྟངས་གཏན་འཁེལ་བྱས་ཤིང་། རྒྱལ་ཁབ་ཚད་གཞི་ཨུ་ལྷན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་དེའི་གཙོ་ཆེའི་དྲ་ཚིགས་ཐོག་ཆོག་མཆན་སྤྲད་དེ་ཡོངས་བསྒྲགས་བྱེད་པའམ་ཡང་ན་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞིའི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་རྒྱལ་ཁབ་ཀྱི་ཚད་གཞིའི་ཡིག་ཆ་རིན་མེད་ངང་དྲ་ཐོག་ནས་ལྟ་ཀློག་ཐུབ་རྒྱུར་ཆ་རྐྱེན་སྐྲུན་དགོས་པ། དེ་དང་ཆབས་ཅིག་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་གཅིག་གྱུར་གྱི་རྒྱལ་ཡོངས་ཀྱི་ཚད་གཞིའི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་རྒྱལ་ཁབ་དང་། ལས་རིགས། ས་གནས་བཅས་ཀྱི་ཚད་གཞིའི་ཆ་འཕྲིན་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ནས་ཚད་གཞིའི་ཆ་འཕྲིན་གྱི“གཅིག་འཐུས་རྣམ་པའི”འདྲི་རྩད་དང་ཞབས་ཞུ་མཁོ་འདོན་བྱེད་དགོས།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2015ལོར་《ཚད་ལྡན་ཅན་གྱི་ལས་དོན་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཇུས་གཞི་》ཡོངས་བསྒྲགས་བྱས་ནས། “སྤྱི་ཚོགས་ལ་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་ཡིག་ཆ་རིན་མེད་ངང་ཡོངས་བསྒྲགས་བྱེད་དགོས་ལུགས”དང“སྤྱི་ཚོགས་ལ་སྤྱི་ཕན་རིགས་ཀྱི་འོས་སྦྱོར་རང་བཞིན་གྱི་ཚད་གཞིའི་ཡིག་ཆ་རིན་མེད་ངང་ཡོངས་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ལུགས”བཏོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དེ་རྒྱལ་ཁབ་ཚད་གཞི་ཨུ་ལྷན་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་གཙོ་ཆེའི་དྲ་ཚིགས་ཐོག་ཚང་མ་ཡོངས་བསྒྲགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།