འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་གསར་པར་སི་ཁྲོན་གྱིས“མཉམ་སྦྲེལ་དྲ་རྒྱ+”ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ་ཐབས་ཤེས་མང་པོ་བཏོན་པ་སྟེ། ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཐིང་གི་སྐད་འཕྲིན་སྤྱི་རྟགས“སྤྱོད་གཙང་གི་སི་ཁྲོན”ཤར་གཏོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས)183གྱི་སྒྲིག་ཨུད་ཚང་མས་ཐེར་འདོན་གོང་ཞུའི་དྲ་ཚིགས་ཤར་གཏོང་བྱས་ཏེ་དྲ་བའི་ལྟ་སྐུལ་ཡོངས་སུ་ཁྱབ་པ་རེད།
           དྲ་རྒྱའི་ལྟ་སྐུལ་ཁྱོན་ཡོངས་སུ་ཁྱབ་པ་ལས་སི་ཁྲོན་ཞིང་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་མ་བཏང་ནས་དྲང་བདེན་སྒྲིག་ནན་གྱི་སྤྱོད་ཚུལ་མི་འགྱུར་བ་དང་། ཚད་གཞི་མི་ཆག་པ། བྱེད་ཤུགས་ཆུང་དུ་མི་གཏོང་བའི་ཁར། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་ཆོད་སེམས་དང་སྟོབས་ཤུགས་མངོན་པར་མཚོན་ཡོད། 2016ལོར་སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་1036ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་གྲངས་1147ལ་ཆད་པ་བཅད་པས་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་རྒྱུན་མི་ཆད་པར་ལེགས་སུ་སོང་ཡོད། བྱེད་ཐབས་གསར་གཏོད་ཀྱིས་ལྟ་སྐུལ་སྣ་མང་ཡོང་བ་བྱས་ཤིང་། དྲ་ཐོག་ནས་ཐབས་ལམ་མང་པོར་བརྟེན་ཏེ་ལྟ་སྐུལ་ལ་སྐུལ་མ་བཏང་བ་དང་། རང་སར་བྱེད་ཐབས་གསར་གཏོད་ཀྱིས“ལྟ་སྐུལ་དྲ་རྒྱ”བཟོས་ནས་སྟོང་ཆ་མ་ལུས་པར་བྱས་ཡོད། ཞིང་ཆེན་ཡོངས་ཀྱིས་ཁོངས་གཏོགས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལམ་སྲོལ་བཟོས་ནས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་དང་བླང་བྱ་གསལ་པོ་བཟོས་པ་དང་། དྲང་བདེན་སྒྲིག་ནན་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་གཙོ་གནད་ཐོག་ཟུར་འཐེན་མཐའ་འཁྱོངས་བྱས་ཡོད། ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཐིང་གིས་ན་ནིང་གྲོང་ཁྱེར་(ཀྲོའུ)14དང་ཚན་པ་12ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་བསྡད་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་དེ་རིགས་གྲོང་ཁྱེར་(ཀྲོའུ)ལ་དུས་ཚིགས་རེར་བྱེད་པ་དང་རྫོང་(གྲོང་ཁྱེར་དང་ཆུས)ལ་ཟླ་རེར་བྱེད་ཀྱི་ཡོད་པ་རེད།
          སི་ཁྲོན་གྱིས་ད་དུང“སྒྲིག་བཤེར་ལྟ་སྐུལ་དང། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཟུང་དུ་འབྲེལ་བའི”དྲང་བདེན་སྒྲིག་ནན་གྱི་གླེང་ཕྱོགས་ལྟ་སྐུལ་གྱི་བྱེད་སྟངས་གསར་པ་འཚོལ་ཞིབ་དང་ལག་ལེན་བྱས་པས་ལྟ་སྐུལ་གྱི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། ན་ནིང་ཞིང་ཆེན་གྱི་རིམ་ཁག་སྨྱན་སྦྱོར་གྱིས་མངོན་བཤེར་ལྐོག་ཞིབ་ཐེངས་772བྱས་ནས་གནད་དོན་962ཀྱི་རྩད་ཆོད་པ་དང་གནད་དོན་381དམར་འདོན་བྱས་ཡོད། ཟླ་12པའི་ཟླ་མཇུག་ཏུ་ཞིང་ཆེན་སྒྲིག་ཨུད་ཀྱིས་སླར་ཡང་སྨྱན་སྦྱོར་གྱི་སྙིང་གཏམ་བཤད་རེས་ཚོགས་འདུ་འཚོགས་ཏེ། དྲང་བདེན་སྒྲིག་ནན་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་བརྒྱབ་པ་དང་སི་ཁྲོན་གྱི་དྲང་བདེན་སྒྲིག་ནན་དང་གླེང་ཕྱོགས་ལྟ་སྐུལ་གྱི“ཁ་ཚ་ལྕེ་འབིར”ལྟ་བུའི་སྤུས་རྟགས་བཏོད་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་(ཀྲོའུ)ཁག་གི་སྒྲིག་ཨུད་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀ་གསར་གཏོད་བྱས་པ་དང་། སྨྱན་སྦྱོར་ཐད་ཆེད་སྒྲོམ་87བཟོས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྨྱན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ལྟ་སྐུལ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་མ་བཏང་ཡོད།
          ཡ་མེད་སྒྲིག་འགལ་གྱི་སྤྱོད་ངན་འབུར་འཇོམས་དང་རྡུང་རྡེག་ནན་པོ་བཏང་ཞིང་། ན་ནིང་གི་ཟླ་8པར་ཞིང་ཆེན་སྒྲིག་ཨུད་ཀྱིས་ཟླ་3རིང་འབུལ་རྟེན་སྤྲོད་ལེན་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པ་དང་། ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བའམ་ཡ་མེད་སྒྲིག་འགལ་དང་སྒྲིག་འགལ་ངང་མུ་མཐུད་འབུལ་རྟེན་སྤྲོད་ལེན་བྱས་རིགས་ཤེས་རིམ་བཞིན་ཐག་གཅོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་4000ལྷག་གིས་རང་སྐྱོན་རང་བཤེར་བྱས་པ་དང་། མིང་ངོ་མ་ཐོ་འགོད་བྱས་ཏེ་2015ལོ་ཚུན་གྱི་སྒྲིག་འགལ་ངང་བླངས་པའི་འབུལ་རྟེན་ཤོག་ཆག་གོང་འབུལ་ཞུས་ཡོད། 2016ལོར་འགན་འཁྲི་གཙོ་བོ་འཁུར་མཁན་སྡེ་ཚན་ཁག་གིས་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་དང་གཞུང་སྒྲུབ་ཁང་པ་གཙང་བཤེར་བཅོས་སྒྲིག་དང་། བྱ་དགའི་དངུལ་དང་གླ་ཆ་དང་དེ་བཞིན་ཁ་གསབ་གང་བྱུང་སྤྲོད་པ། གཞུང་དངུལ་སྤྱད་ནས་ཡུལ་སྐོར་ལ་འགྲོ་བ་སོགས་ཀྱི་གནད་དོན་ཐད་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་རྒྱུན་སྲིང་ངང་སྐུལ་མ་གཏིང་ཟབ་བཏང་ཡོད།
           “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཤུགས་ཞན་པ་དང‘སྤྱོད་ཚུལ་བཞིའི’གནད་དོན་ཚབས་ཆེན་ལྷགས་རིགས་ལ། འགན་འཁྲི་གཙོ་བོ་དང་ལྟ་སྐུལ་གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད། འགོ་ཁྲིད་ཀྱི་འགན་འཁྲི་དང་ཏང་རྩ་འཛུགས་ཀྱི་འགན་འཁྲིའང་རྩད་གཅོད་བྱེད་དགོས”ཞེས་སི་ཁྲོན་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཏུང་ཧྥེང་གིས་བརྗོད་བྱུང་། 2016ལོར་ཞིང་ཆེན་ཡོངས་ཀྱིས“འགན་འཁྲི་གཉིས”དོན་འཁྱོལ་བྱེད་ཤུགས་ཞན་པའི་གནད་དོན་483ལ་རྩད་གཅོད་བྱས་ཏེ་མི་གྲངས་581(ཚན་པ)ལ་ཐག་གཅོད་བྱས་པ་དང་། མི་གྲངས་286ལ་ཆད་པ་བཅད་ཡོད། ཞིང་ཆེན་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་ནས་དཔེ་མཚོན་གྱོད་གཞི་52ཐེར་འདོན་བྱས་ཏེ་སྒྲིག་ལམ་དང་འགལ་ན་ཆད་པ་གཅོད་པ་དང་སྒྲིག་ཁྲིམས་ལག་ལེན་ནན་པོ་བསྟར་རྒྱུའི་རྣམ་འགྱུར་ནན་པོ་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།