འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་
    ཁའི་ངང་གྲོལ་བ།

    ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་
ཁའི་ངང་གྲོལ་བ།
           མི་དམངས་དྲ་བའི་འཕྲིན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་ཐད་ཀའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ལེགས་གྲུབ་ཟིན་ནས་ཟླ་1ཚེས་15ཉིན་གྱི་ཕྱི་དྲོ་ལྷ་སར་གྲོལ་བ་རེད། ཚོགས་འདུའི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྲ་ཞིང་བརྟན་པའི་དད་པ་དང་། སྲ་ཞིང་བརྟན་པའི་དད་སེམས། བཙན་ཞིང་ནན་པའི་སྒྲིག་ཁྲིམས། བཙན་ཞིང་ཕོད་པའི་འགན་སེམས་བཅས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་དང་བློ་སེམས་གཅིག་མཐུན་གྱིས་གསར་འབྱེད་འབད་འབུངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཕྱག་རྟགས་འབུལ་བ་བཅས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
            ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་རེད།
           ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། པད་མ་འཕྲིན་ལས། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། བསྟན་འཛིན་རྣམ་རྒྱལ། ཤིང་རྩ་བསྟན་འཛིན་ཆོས་གྲགས། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་། ལིའུ་ཀོང་ཤུས་བཅས་དང་གསར་དུ་བདམས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
            ཆེ་དགྲ་ལྷ་དང་། ཏེང་ཞའོ་ཀང་། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། ཝང་རུའེ་ལེན། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། པ་སངས། ལེགས་མཆོག་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
            ཚོགས་འདུར་འཐུས་མི་435ཕེབས་དགོས་པ་དང་འཐུས་མི་375དངོས་སུ་ཕེབས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
            ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་ཀྱི་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། རང་སྐྱོང་ལྗོངས་ཀྱི་2016ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2017ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། 《རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་སྲོལ་ཡིག་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
           གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་ཝུའུ་དབྱིང་ཅེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགག་རྩའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ། ཇུས་ཤུགས་མཉམ་འདོན་དང་། དམངས་གཙོ་མཐུན་སྒྲིལ། དམ་པ་དོན་གཉེར་བཅས་བྱས་ཏེ་བླ་ན་མེད་པའི་ལས་འགན་ལེགས་གྲུབ་བྱས་ཡོད་ཅེས་གསུངས་པ་རེད། ཚོགས་འདུའི་ཐོག་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》དང་《མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་》དང་སྙན་སྒྲོན་གཞན་དག་ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་བཅའ་ཁྲིམས་ཀྱི་གོ་རིམ་གཞིར་བཟུང་མི་དམངས་ཀྱི་འདུན་པར་གྱུར་བ་དང་སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བདམས་ཐོན་བྱུང་ནས་བོད་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་ཆེད། རྩ་འཛུགས་ཀྱི་འགན་ལེན་གལ་ཆེན་བྱས་ཡོད། དེ་ནི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་དང་། དཔའ་སེམས་ཆེར་སྐྱེད་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག དམ་པ་དོན་གཉེར་དང་གསར་འབྱེད་གསར་གཏོད་ཀྱི་ཚོགས་ཆེན་ཞིག་བཅས་རེད། ཚོགས་འདུའི་རིང་འཐུས་མི་ཚོས་འདས་ཟིན་པའི་ལོ་གཅིག་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་འབད་བརྩོན་ལྷོད་མེད་ངང་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་པ་དང་། བརྟན་ཐོག་ཡར་བརྩོན་དང་ཡག་ཐོག་ལེགས་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་ནས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་བཙུགས་ཡོད། ལོ་གཅིག་རིང་གི་གྲུབ་འབྲས་དང་ཉམས་མྱོང་ནི་འདས་ཟིན་པའི་ལས་དོན་རྒྱུན་མཐུད་དང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པས་བོད་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་བཅས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས་དང་། ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དམིགས་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་དང་འབྲེལ་བ་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་དམ་འཛིན་ལྷོད་མེད། རྩ་ཁྲིམས་དང་བཅའ་ཁྲིམས་ལས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་སྒྲུབ་པ་བཅས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རིང་གལ་ཆེའི་ནུས་པ་འདོན་སྤེལ་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་གཅིག་རིང་། རང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་ལས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཏེ་རང་རྒྱལ་ཉིད་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་སྔར་བས་ར་འཕྲོད་བྱུང་ཡོད། དེས་ན་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་གི་མིན་ཞེས་འཐུས་མི་ཚོས་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
             ཝུའུ་དབྱིང་ཅེས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཆབ་སྲིད་ཀྱི་གཏན་འབེབས་གལ་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གཏན་འཁེལ་གནང་སྟེ“བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་པ་དེ་ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་དོན་ཆེན་ཞིག་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་འབྲེལ་བ་དང་ཏང་ཡོངས་ཀྱི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་དང་འབྲེལ་བའི་དོན་ཆེན་ཞིག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་དང་འབྲེལ་བའི་དོན་ཆེན་ཞིག་བཅས་རེད། དེས་ན་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྲོག་ཤིང་གནང་བའི་དངོས་ཡོད་ཀྱི་དོན་སྙིང་དང་རྒྱང་རིང་ལ་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་དང་གཏན་འཁེལ་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་མོ་འཛུགས་པ། རྟག་ཏུ་རང་འགུལ་ངང་ཏང་ཀྲུང་དབྱང་དང་། ཏང་གི་སྲོག་ཤིང་། ཏང་གི་རིཌ་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོཌ་སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལ་མིག་ལྟོས་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་རིགས་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་གཏན་ནས་མི་བྱེད་པ་བཅས་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
            ཝུའུ་དབྱིང་ཅེས་འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གལ་ཆེའི་ལོ་ཞིག་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ལོ་ཞིག རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཞིག་བཅས་ཡིན། དེས་ན་ང་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་སྤྱིའི་དམིགས་ཚད་དུ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་གཞིར་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དཔལ་འབྱོར་ལས་དོན་གྱི་གཙོ་རྐང་དུ་བྱེད་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་དུ་བརྩི་བ། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར་བྱེད་པ། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སྣོད་བཅུད་ལ་ཤུགས་སྣོན་རྒྱག་པ། ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོར་ཕན་འདོགས་པ། རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་སྤོ་དགོས་ཞེས་ནན་བཤད་གནང་བ་རེད།
             བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས་ཚོགས་ཆེན་ཐོག་རང་ཉིད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པས། དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡིད་ཆེས་ཆེན་པོ་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་མངགས་བཅོལ་ཟབ་མོ་བྱས་པ་ཞིག་ཡིན་སྟབས་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བ་ཞིག་རེད། དེས་ན་ངས་ངེས་པར་དུ་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྐབས་རིམ་བྱུང་གི་ཚན་ཁག་དང་ལྷག་དོན་དུ་བློ་མཐུན་པད་མ་འཕྲིན་ལས་ཀྱིས་པན་ཀྲང་གནང་བའི་མི་དམངས་འཐུས་ཚོགས་ཚན་ཁག་གིས་བཏིང་བའི་སྲ་ཞིང་བརྟན་པའི་རྨང་གཞིའི་འོག་ཏང་དང་མི་དམངས་ལ་འགན་ནན་ཏན་འཁུར་བའི་སྙིང་སྟོབས་ཐོག་ནས་ལྷག་བསམ་རྣམ་དག་ངང་ལས་འགན་སྒྲུབ་པ་དང་ལས་དོན་ཧུར་ཐག་སྤེལ་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན། གཅིག་ནས“འདུ་ཤེས་བཞི”བརྟན་པོ་ཡོང་བ་བྱས་ནས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ལམ་སྲུང་ནས་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་། ཏང་གི་སྲོག་ཤིང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལ་མིག་ལྟོས་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་ལེན་བྱ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་འཇུག་གཞི་འཚོལ་མཁས་པོ་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཏང་གི་བླང་བྱ་དང་མི་དམངས་ཀྱི་རེ་བ་དང་འདུན་པ་གཅིག་མཐུན་དང་བྱ་སྤྱོད་གཅིག་གྱུར་ཡོང་བའི་འགན་ལེན་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། གཉིས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་གུས་ཤིང་སྐྲག་པ་བྱས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་ཡོང་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་དང་། ལྟ་སྐུལ་གྱི་སྐུལ་འདེད་དང་འགན་ལེན་ནུས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་པོའི་ནུས་པ། ས་གནས་དང་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་འགན་ནུས་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། གསུམ་ནས་དམངས་ཆེད་དམིགས་ཡུལ་ལག་ལེན་བསྟར་ནས་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱ་རྒྱུ་ཡིན་ཞིང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》མཐའ་གཅིག་ཏུ་ལག་བསྟར་བྱས་ནས་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་ནས་རྩ་འཛུགས་ཀྱི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་ཞུས་ཏེ་སྔ་བར་ཕྱི་གསུམ་དུ་མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།