འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་
    མཇུག་འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། (2017ལོའི་ཟླ་1ཚེས་14ཉིན)

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་
མཇུག་འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།
              ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ།
              སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་དེ། ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག་དང་། ཕྱོགས་ཁག་གིས་རོགས་རམ་དང་རྒྱབ་སྐྱོར་གནང་བ། དེ་བཞིན་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གྲོས་རིམ་ཁག་ཚང་མ་ལེགས་གྲུབ་ཟིན་ནས་ད་ལྟ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་རན་ཡོད། ད་ཐེངས་ཀྱི་ཚོགས་ཆེན་དེ་དམ་པ་དོན་གཉེར་དང་། ཕུན་སུམ་ཚོགས་པོ། ལམ་ལྷོངས་ལེགས་གྲུབ་བཅས་ཀྱི་སྒོ་ནས་འཚོགས་ཐུབ་ཡོད་ཅིང་། དེ་ནི་མཐུན་སྒྲིལ་དམངས་གཙོ་དང་། ཞི་མཐུན་ཡར་ཐོན། ངོས་འཛིན་གཅིག་མཐུན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ལ་བསམ་བློ་བཅིངས་འགྲོལ་དང་། དངོས་སྒྲུབ་གསར་གཏོད། དཔའ་ངར་ཆེར་སྐྱེད་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་རེད།
            ཨུ་ཡོན་རྣམ་པ། ད་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་སྐུལ་མ་གཏོང་བའི་འགག་རྩའི་ལོ་ཞིག་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཡིན་ལ་སྐབས་འདིའི་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་མཇུག་འགྲིལ་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ཚོས་ངེས་པར་དུ་ལྗོངས་ཏང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་དང་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཆབ་སྲིད་ཀྱི་ཚུགས་ཟིན་ནུས་དང་། འཐབ་ཇུས་ཀྱི་ཚུགས་ཟིན་ནུས། དངོས་སྒྲུབ་ཀྱི་ཚུགས་ཟིན་ནུས་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཧུར་བརྩོན་ངང་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། བྱས་རྗེས་གསར་པ་མངོན་པ།  གཟུགས་བརྙན་གསར་པ་གཏོད་པ་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་དང་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
             གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས། ཆབ་སྲིད་ཐོག་བློས་འཁེལ་བ་བྱ་རྒྱུ་ནི་སྲིད་གྲོས་ཨུ་ཡོན་ཡག་པོ་ཞིག་བྱེད་པའི་ཚད་གཞི་དང་པོ་དེ་རེད། ཨུ་ཡོན་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་ངེས་པར་དུ་སྲུང་བརྩི་མཐའ་གཅིག་ཏུ་ཞུ་བ་དང་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་དགོས་ཤིང་། “འདུ་ཤེས་བཞི”དང་། ལྷག་དོན་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། ངེས་པར་དུ་རྒྱལ་གཅེས་ཨང་དང་པོ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བློ་རྩ་བརྟན་པོས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། བློ་རྩ་བརྟན་པོས་ཁ་ཕྲལ་ལ་ངོ་རྒོལ། ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན།   རྣམ་འགྱུར་བརྟན་པོ་བཅས་བྱེད་དགོས། ངེས་པར་དུ་བཀའ་བཀོད་ཐོགས་འགག་མེད་པར་ལག་བསྟར་གྱིས། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་བཅས་སྲིད་གྲོས་ལས་དོན་ནང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་བློ་སྟོབས་གཅིག་སྒྲིལ་དང་འགན་ནུས་འཁྲི་སྒྲུབ་བྱེད་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་འཁྲི་སྒྲུབ་པའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དེ་འགན་འཁྲི་སྒྲུབ་པའི་གཟི་བརྗིད་ཀྱི་འོས་འགན་ཞིག་ཏུ་བརྩིས་ནས་དོགས་གནད་གསེད་བཀྲོལ་དང་།  མཐུན་སྒྲིལ་ངར་སྐུལ། བློ་སྟོབས་གཅིག་སྒྲིལ་བཅས་ཀྱི་ལས་དོན་གང་མང་བསྒྲུབས་ཏེ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ། གསུམ་ནས་ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་དགོས། སྲིད་གྲོས་ལས་ཁུངས་ཀྱིས་དམངས་གཙོའི་གྲོས་མོལ་དང་། ལྟ་སྟངས་འདྲ་མཉམ། ཁྲིད་སྟོན་ཡང་དག ཞབས་ཞུ་ཟོལ་མེད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། ཨུ་ཡོན་གྱི་འགན་སྒྲུབ་མཐུན་རྐྱེན་དེ་བས་ཡག་པ་ཞིག་བསྐྲུན་པ་དང་། ཨུ་ཡོན་གྱིས་འགན་ནུས་སྒྲུབ་པའི་ཐེ་ཞུགས་བྱེད་ཁྱོན་ཆེ་རུ་གཏོང་དགོས། ཨུ་ཡོན་ཡོངས་ནས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་ཤུགས་ཆེར་ཏན་ཏིག་གཏོང་བ་དང་། སྲིད་གྲོས་སྐབས་བཅུ་པའི་རྒྱུན་ཨུད་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བའི་《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ལས་ཀའི་ལམ་སྲོལ་(ཚོད་ལྟའི་ལག་བསྟར)》ལ་གཞིགས་ནས། གཙོ་རྐང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། བཞི་ནས་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་སྲུང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་ཚོགས་ལས་རིགས་ཨུ་ཡོན་གྱི་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུའི་ནང་ཞུགས་སྐབས་སུ་ནན་བཤད་གནང་བའི“ཉེ་བ”དང་“གསལ་བའི”སྲིད་དོན་དང་ཚོང་དོན་གྱི་འབྲེལ་བ་གསར་པར་ངོས་འཛིན་དང་ངེས་ཤེས་ཡང་དག་ཐུབ་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་ངོས་གཞུང་དྲང་དང་། རང་ངོས་སྤྱོད་གཙང་། རང་ངོས་ནུས་ལྡན་ཡོང་བ་བྱེད་དགོས་ལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་སྤྱོད་གཙང་གཞུང་དྲང་གི་སྲིད་གྲོས་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་ཀྱི་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གྱི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། དཔེ་སྟོན་གྱི་སྒོ་ནས་རྩ་ཁྲིམས་བཅའ་ཁྲིམས་དང་སྲིད་གྲོས་སྒྲིག་ཡིག་ལ་སྲུང་བརྩི་ཞུ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་སྲུང་བྱེད་པ་བཅས་ཀྱི་ཐོག་ནས། ལྗོངས་ཡོངས་སྲིད་གྲོས་ཀྱི་ལས་སྒྲུབ་གསར་གཏོད་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་བསྐྲུན་དགོས།
             ཨུ་ཡོན་རྣམ་པ་དང་། བློ་མཐུན་རྣམ་པ། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག བློ་སེམས་གཅིག་མཐུན་དང་། ཇུས་ཤུགས་མཉམ་འདོན་བྱས་ཏེ། མུ་མཐུད་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གསར་གཏོད་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་བརྩམ་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱ་རྒྱུར་བསུ་བ་ཞུ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།