འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུན་རྣམ་གསར་པར་བསྟུན་པ་དང་ནུས་པ་གསར་པ་བཏོན་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་
    རིང་བདེ་འཁོད་ལ་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་སྐུལ་འདེད་གཏོང་དགོས།

    ——རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བར་རྟེན་འབྲེལ་ཞུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤོབས་སེམས་རྒྱས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དད་སེམས་འཕེལ་བཞིན་དུ་དམངས་གཙོ་མཐུན་སྒྲིལ་དང་དངོས་སྒྲུབ་ཡར་བརྩོན་གྱི་རྣམ་པའི་ཁྲོད་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
              འདི་ནི་སེམས་ཤུགས་གཅིག་སྒྲིལ་དང་། དངོས་བརྩོན་དངོས་སྒྲུབ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞིང་། ཚོགས་འདུ་འཚོག་རིང་། ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས། ཨུ་ཡོན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་གྲོས་བསྡུར་ལ་ཞུགས་ཏེ་ཨུ་ཡོན་ཚོ་དང་གྲོས་མོལ་སྤེལ་རེས་རྒྱ་ཁྱབ་ངང་གནང་བ་དང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་རྒྱ་ཆེའི་ཨུ་ཡོན་ལ་དམིགས་བསལ་གཅེས་སྐྱོང་གནང་བ་གང་ལེགས་མཚོན་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དམངས་གཙོའི་ཁེ་དབང་ལ་གཅེས་འཛིན་དང་གཏམ་བཤད་ཀྱི་གོ་སྐབས་ལ་གཅེས་སྤྲས་གནང་ནས་འཕེལ་རྒྱས་མྱུར་པོ་འགྲོ་བའི་ཇུས་འདིང་བ་དང་ཡུན་རིང་བདེ་འཁོད་ཀྱི་ཐབས་འདོན་པ། དམངས་ཕྱུག་དམངས་ཕན་གྱི་ཐབས་ཇུས་འགོད་པ་བཅས་གནང་ནས་ཚད་མཐོའི་འགན་ཁུར་གྱི་འགན་འཁྲི་སྒྲུབ་པའི་རྣམ་འགྱུར་དང་ནུས་པ་ཆེན་པོ་མངོན་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་ལ་བསམ་བློ་གཏོང་བ་དང་དམངས་འཚོ་དང་དམངས་ཀྱི་གནས་ཚུལ་ལ་སེམས་ཁྲལ་བྱེད་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པ། ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པ་བཅས་གནང་ཡོད།
             འདི་ནི་དམངས་གཙོ་དར་སྤེལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད། རླབས་ཆེའི་བྱ་གཞག་ཐུན་མོང་ཐོག་དོན་གཉེར་བཅས་བྱེད་པའི་ཚོགས་ཆེན་ཞིག་ཡིན་ཞིང་། ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་པ་དང་གྲོས་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་བཅས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་བ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གལ་ཆེན་གཞན་དག་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསབ་འདེམས་གནང་བ་རེད། ཨུ་ཡོན་ཚོས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། གྲུབ་འབྲས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཕྱིར་མིག་བལྟས་པ། དངོས་སྒྲུབ་ཀྱིས་ཉམས་མྱོང་ཕྱོགས་སྡོམ་བྱས་པ། འབྱུང་འགྱུར་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ་བཅས་ཡིན་པས་དེ་ནི་དངོས་བརྩོན་དངོས་སྒྲུབ་དང་། ཡིད་ཆེས་བརྟན་པོ། སྤོབས་སེམས་སྐྱེ་བ། འབད་འབུངས་ཡར་བརྩོན་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
             འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གལ་འགངས་ཆེ་བའི་ལོ་ཞིག་ཡིན་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཞིག་ཀྱང་རེད། དམིགས་ཚད་གསར་པར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་མཐུན་དང་ཇུས་ཤུགས་མཉམ་འདོན་བྱེད་དགོས་པ་དང་། ལས་འགན་གསར་པར་མི་དམངས་སྲིད་གྲོས་ལ་འགན་འཁྲི་གསར་པ་དང་ལས་འགན་གསར་པ་དཀྲིས་ཡོད། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ་མི་དམངས་སྲིད་གྲོས་ཀྱིས་གཟི་བརྗིད་ཆེ་བའི་འགན་འཁྲི་དང་ལས་འགན་འཁུར་ཡོད་པ་དང་། བྱེད་རིན་ཆེན་པོ་ཡོད་ལ་ནུས་པའང་ཆེན་པོ་ཐོན་ངེས་རེད། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ཚོས། ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ལམ་ལ་སྣང་ཆེན། སློབ་སྦྱོང་ལ་སྣང་ཆེན། མཐུན་སྒྲིལ་ལ་སྣང་ཆེན། འགན་འཁྲི་སྒྲུབ་པར་སྣང་ཆེན། འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱུན་རྣམ་གསར་པར་བསྟུན་པ་དང་། ནུས་པ་གསར་པ་འདོན་པ། གཟུགས་བརྙན་གསར་པ་གཏོད་པ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
             རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་2016ལོའི་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལས་དོན་གྱིས་2017ལོའི་སྲིད་གྲོས་ལས་དོན་ལ་ཆ་རྐྱེན་བཟང་པོ་བཏོད་པ་དང་རྨང་གཞི་བརྟན་པོ་བཏིངས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་པ་དང་། “འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་དང་འགན་འཁྲི་གཙང་མ་བསྒྲུབས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་འགན་འཁྲི་ལག་བསྟར་བྱེད་པའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགན་འཁྲི་ལག་བསྟར་བྱེད་པའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་འགན་འཁྲི་སྒྲུབ་པའི་གཟི་བརྗིད་དང་ལས་འགན་དུ་བརྩི་བ་བཅས་བྱས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་དང་ཨུ་ཡོན་གྱི་འགན་འཁྲི་ལག་ལེན་བསྟར་བའི་ལས་སྟེགས་བཏོད་ནས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ། བརྟག་དཔྱད་ཞིབ་འཇུག་མང་ཙམ་བྱེད་པ་དང་། བློ་གྲོས་ཀྱི་ཐབས་མང་ཙམ་འདོན་པ། དངོས་སྒྲུབ་ཀྱི་ཇུས་མང་ཙམ་འདིང་བ། གསར་གཏོད་ཀྱི་བྱེད་ཐབས་མང་ཙམ་འདོན་པ་བཅས་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་རྩ་ཁྲིམས་དང་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་ལ་བརྩི་སྲུང་བྱེད་པའི་མིག་དཔེ་བཏོན་ནས་རང་ཚུགས་ཟིན་པ་དང་། ཀུན་སྤྱོད་གཙང་བ། འཇོན་ཐང་ཆེ་བ་བཅས་ཐོག་མཐའ་བར་གསུམ་དུ་ཐུབ་པ་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱི་ལས་སྒྲུབ་ལས་གཏོད་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།
            སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་རྒྱལ་ཁ་མི་ཐོབ་པ་མི་སྲིད། བློ་གྲོས་གཅིག་ཏུ་བསྡུས་ན་བྱ་བ་ཐམས་ཅད་གྲུབ་ཐུབ། མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུ་རེད། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲིའི་འདུ་ཤེས་ཆེན་པོ་བཅངས་པ་དང་ལྷག་བསམ་ཟོལ་མེད་ཀྱིས་དམངས་ལ་བརྩེ་སེམས་བཅངས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་ནས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ཏེ་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་། རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་གནང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།